Wednesday, 20 August 2014

ལས་ཀྱི་མཛའ་མོ།

རྡོ་ཕྲུག་གིས།

ཁ་བ་གཅིག་འབབ་གཉིས་འབབ།།
ཉི་མས་གཅིག་བཞུས་གཉིས་བཞུས།།
སེམས་ལ་བབས་བའི་ཁ་བ།།
ནམ་ཡང་བཞུ་ཐབས་མི་འདུག །
སྤྲིན་པ་གཅིག་འཁྲིགས་གཉིས་འཁྲིགས།།
རླུང་བུས་གཅིག་དེད་གཉིས་དེད།།
སེམས་ལ་འཁྲིགས་པའི་སྤྲིན་པ།།
ནམ་ཡང་འདེད་ཐབས་མི་འདུག །
ཆར་ཐིགས་གཅིག་ལྷུང་གཉིས་ལྷུང་།།
དྲོད་ཀྱིས་གཅིག་བསྐམས་གཉིས་བསྐམས།།
སེམས་ལ་ལྷུངས་པའི་ཆར་ཐིགས།།
ནམ་ཡང་སྐམ་ཐབས་མི་འདུག །
མཛེས་མ་གཅིག་མཐོང་གཉིས་མཐོང་།།
སེམས་ནས་གཅིག་ཡལ་གཉིས་ཡལ།།
ལས་དབང་སེམས་ཀྱི་མཛའ་མོ།།
ནམ་ཡང་ཡལ་ཐབས་མི་འདུག །