རྡོ་ཕྲུག་གིས།
དམུལ་དམུལ་འཛུམ་པའི་སྤང་ཁའི་སེར་ཆེན་ཞིག །
དབང་མེད་ངའི་སེམས་གཏིང་ན་དལ་གྱིས་བཞད།།
འཛུམ་ཞལ་མེ་ཏོག་འདབ་མའི་མཛེས་སྡུག་གིས།།
ས་མཐའི་ལྡོམ་པོ་ཞིག་གི་ཡིད་སེམས་བཟི།།
ལྷབ་ལྷུབ་འབབ་པའི་གངས་ལྷ་མེ་ཏོག་ཅིག །
དབང་མེད་ངའི་སེམས་གཏིང་ན་དལ་གྱིས་བབས།།
དྲི་མེད་གངས་རི་དཀའ་པོའི་གཟི་འོད་ཀྱིས།།
ས་མཐའི་ཡ་ཆུང་ཞིག་གི་ཡིད་སེམས་ཕྲོགས།།
ལྷང་ལྷང་འཆར་བའི་ཁ་བའི་ཟླ་གཞོན་ཞིག །
དབང་མེད་ངའི་སེམས་གཏིང་ན་དལ་གྱིས་ཤར།།
རབ་དཀར་མུན་སེལ་སྒྲོན་མེའི་ཞལ་རས་ཀྱིས།།
ས་མཐའི་ཁེར་རྐྱང་ཞིག་གི་སེམས་པ་ཁུར།།
ལང་ལོང་གཡོ་བའི་ནམ་མཁའི་སྤྲིན་ཆེན་ཞིག །
དབང་མེད་ངའི་སེམས་གཏིང་ན་དལ་གྱིས་འཁྲིཊ།།
སྤྲིན་དཀར་ལྷག་བསམ་བཟང་པོའི་འདབ་མ་ཡིས།།
ས་མཐའི་ཡུལ་གྱར་ཞིག་གི་ཡིད་སེམས་བཀུག །