Tuesday, 17 March 2015

བོད་སྤྱི་པའི་རྩ་དོན་ཡིན་ན་རྒྱབ་སྐྱོར་མཐའ་གཅིག་ཏུ་ཡོད།


ང་རང་ཁམས་ནས་ཡིན་ཡང་ཁམས་པ་ཞིག་ལ་རྒྱབ་སྐྱོར་བྱེད་བསམ་པའི་བསམ་བློ་

གཏན་ནས་མེད།བོད་མི་རིགས་ཀྱི་རྩ་དོན་ལ་ལས་ཀ་བྱས་ན་རྒྱབ་བསྐྱོར་བཟོ་དགོས་

བསམ་པ་ཞིག་ཡོད། བོད་ཀྱི་ཆ་འཕྲིན་གསར་འགོད་པས་འདི་ག་ངྷ་སར་གནས་སྡོད་

བྱེད་བཞིན་པའི་ཆབ་སྲིད་བཙོན་ཟུར་བ་རྡོ་རིང་ཁུག་ཚང་དོན་གྲུབ་དབང་རྒྱལ་ལགས་སུ་བཅར་འདྲི་བྱས་པ་ཞིག་གཤམ་དུ་བཀོད་ཡོད་པས་གཟིགས་པ་འཚལ།



༡ དྲི་བ། ཐོག་མར་ཁྱེད་རང་ངོ་སྤྲོད་ཞིག་གནང་རོགས་གནང་།

ལན། ངའི་མིང་ལ་དོན་གྲུབ་དབང་རྒྱལ་ཟེར་གྱི་ཡོད།ཕ་ཡུལ་ཁམས་དཀར་མཛེས་རོང་

པ་ཚར་ཞེས་པ་དེ་ནས་ཡིན། ཕྱི་ལོ་༡༩༤༨ལོར་ང་རང་སྐྱེས་པ་རེད། ང་ཚོའི་ནང་བུ་ལྔ་དང་

བུ་མོ་གཅིག་བཅས་ཁྱོན་སྡོམ་ནང་མི་དྲུག་ཡོད།  ངའི་ཨ་ཕ་དང་ཨ་ཁུ་གཉིས་རྒྱ་གཞུང་

གིས་མུག་ཤི་ཐེབས་བཅུག་ནས་བཀྲོངས་པ་རེད།  སྐབས་དེ་དུས་འགྲོ་ན་འགྲོ་མི་ཤེས།  འདུག་ན་འདུག་མི་ཤེས་པའི་རྒྱ་ཡི་སྲིད་ཇུས་ཤིག་ཡོད་པ་རེད། ཁྱིམ་ཚང་ལ་ཆ་བཞག་ན་

ཧ་ཅང་དཀའ་སྡུག་གི་གནས་སྟངས་ཤིག་ཆགས་ཡོད་པ་རེད།  དཔེར་ན།

ཕག་ཕྲུག་འཁྱགས་ལ་གནས་པ་དང་གཅིག་པ་རེད། འཕྲོག་ས་ལ་འཕྲོགས། ཉེས་རྡུང་

གཏོང་ས་ལ་ཉེས་རྡུང་བཏང་། ཁྲིམས་ཐག་གཅོད་ས་ལ་ཁྲིམས་ཐག་བཅད་ཡོད་པ་རེད། ངོ་མ་འཇིགས་རྟེན་ཁམས་འདི་ལ་དམྱལ་བ་ས་ཐོག་ལ་འཕོས་ཟེར་བ་དེ་སྐབས་དེ་དུས་

འཕོས་ཡོད་པ་རེད།

༢ དྲི་བ། ཆབ་སྲིད་བཙོན་པ་ཆགས་པའི་བརྒྱུད་རིམ་ཞིག་ངོ་སྤྲོད་གནང་རོགས་གནང་།
ལན། གུང་ཁྲན་ཏང་ལ་མི་དགའ་བ་དེ་བརྒྱ་ཆ་བརྒྱ་རེད། ང་ཚོ་བོད་པའི་མགོ་ལ་ཡོད་

པའི་རྭ། ངོ་ལ་ཡོད་པའི་མིག ༧རྒྱལ་བ་ཐམས་ཅད་མཁྱེན་པ་ནི་ས་ཐག་བསྒྱངས་ཚར་བ་

རེད། ང་རང་སྒེར་ལ་ཆ་བཞག་པ་ཡིན་ན་རང་ལོ་༡༨ཡིན།དྲིན་ཆེན་གྱི་ཕ་ལ་ནི་དབང་ཆ་

མེད་པ་བཟོས་ཚར་ཡོད་པ་རེད། སྐབས་དེ་དུས་ཅི་ས་གང་ཐད་ནས། ཉིན་མོའི་ཉི་མ་མི་

འཁྱོལ། མཚན་མོའི་ཟླ་བ་མི་འཁྱོལ་བ་འདྲ་བོ་ཆགས་ཡོད་པ་རེད། རྒྱ་གཞུང་གི་སྲིད་

འཛིན་མའོ་ཀྲུའུ་ཞཱི་དང་སྲིད་འཛིན་གཞོན་པ་ལེའུ་ཧྲའོ་ཅི་རེད། སྐབས་དེ་དུས་རྒྱ་ནག་

ནང་མུག་ཤི་ཐེབས་མཁན་མང་པོ་ཡོད་པ་རེད། ལེའུ་ཧྲའོ་ཅིས་རྒྱ་ནག་མི་དམངས་ལ་རང་

དབང་དགོས་པ་དང་རྩ་ཁྲིམས་ལ་འགྱུར་བ་གཏོང་དགོས་ཀྱི་འདུག་ཅེས་བསམ་ཚུལ་བཏོན་པ་རེད།  འོན་ཀྱང་སྲིད་འཛིན་རྒན་པ་མའོ་ཡིས་མགོ་རྟིང་བསློགས་ནས་འཇུ་བཟུང་བྱས་

པ་རེད།  དེ་ཤེས་མཁན་ང་གཅིག་པུ་མ་རེད་ང་དང་ལོ་ཚད་མཉམ་པའི་རྒན་རབས་གྲལ་

དང་གྲས་ཡོད་རེད།  དེའི་བསམ་ཚུལ་དེ་ལ་བགྲོ་གླེང་བྱེད་དགོས་ཀྱི་འདུག་ཟེར་ནས་མི་

མང་ཚང་མ་ཚོགས་འདུ་འཚོགས་ནས་བསམ་ཚུལ་བཤད་ཤོག་ཟེར་ཡོད་ན་ཡང་མི་སུ་

གཅིག་གིས་ཁ་ཚིག་གཅིག་གྲག་ཕོད་མཁན་མེད་པ་རེད།  ང་ལ་ཆ་བཞག་པ་ཡིན་ན་ཡང་

གསར་བརྗེའི་ངོ་ལོག་པའི་ཁྱིམ་ཚང་ཟེར་ནས་ལག་པ་མགོ་ལ་བཀྱགས་མི་ཕོད་མཁན་ཞིག་ཆགས་ཡོད་པ་རེད། དམག་མི་དང་ལས་བྱེད། ཉེན་རྟོགས་པ་བཅས་ཁོང་ཚོ་ཚང་མས་

ང་ལ་སྤྱོད་ངན་བཙན་ཤེད་བྱས་ནས་བསམ་ཚུལ་ཤོད་ཞོག་ཟེར་གྱི་འདུག ཚོགས་འདུའི་

སྐབས་བསམ་ཚུལ་བཤད་ན་ཉེས་པ་ཡོད་མ་རེད་ཟེར་གྱི་འདུག ཚོགས་འདུའི་སྐབས་སུ་

བསམ་ཚུལ་བཤད་ནས་ཉེས་པ་མེད་ན་ངས་བཤད་ཆོག་ཟེར་བ་ཡིན། བསམ་ཚུལ་ཅི་རེ་

ཟེར་ན། མི་སུ་དང་སུ་ཡིན་ཡང་རྒྱགས་ན་དགའ་རྒྱུ་དང་།རང་དབང་ཡོད་ན་བརྒྱ་ཆ་བརྒྱ་

དགའ་རྒྱུ་རེད་ཅེས་བཤད་པ་ཡིན། དེ་ནས་ཁོང་ཚོས་མའོ་ཀྲུའུ་ཞིས་ཁྱེད་རང་གི་བསམ་

ཚུལ་དེ་ལ་དགའ་བོ་བྱེད་ཀྱི་རེད་པས་ཞེས་དྲི་བ་དྲིས་བྱུང་། དེ་ལ་དགའ་བོ་བྱེད་དང་བྱེད་

མི་དམངས་ཚང་མ་མུག་ཤི་ཐེབས་ཀྱི་ཡོད་པ་རེད་ཅེས་བཤད་པ་ཡིན། མིང་ལ་མི་སེར་

ལབ་པ་མ་གཏོགས་མི་དམངས་ཚང་མ་བཙོན་པ་དང་གཅིག་མཚུངས་རེད། དཔེར་ན་

རྒྱང་ཐག་ལེ་དབར་ལྔ་ཙམ་བར་ཕྱིན་ན་ཡང་ཁེར་རྐྱང་འགྲོ་མཆོག་གི་མ་རེད།  ཡིན་ན་

མིན་གཅིག་རོགས་དགོས་ཀྱི་ཡོད་པ་རེད། མའོ་ཀྲུའུ་ཞི་ལ་བསྟོད་ར་རྐྱང་རྐྱང་མ་གཏོགས་

སྨྲད་ར་གཏན་ནས་འགྲོ་ས་ཡོད་མ་རེད། མའོ་ལ་བསྟོད་ར་བཏང་བའི་སྙན་ཚིག་གི་ཚིག་

འབྲུ་གཅིག་ཆད་པ་ཡིན་ན་ཚུར་བཟུང་ནས་འཐབ་བརྩོད་དང་ཉེས་རྡུང་ཚད་མེད་བཏང་གི་ཡོད་པ་རེད། དེ་རྗེས་ངས་ཡིག་ཆ་ཞིག་བཀྲམས་པ་ཡིན་དེའི་ནང་དོན་གཙོ་ཆེ་བ་དེ། མའོ་ཡི་སྲིད་དབང་མགོ་རྟིང་སློགས་དགོས་ཡོད་བཤད་ཡོད། དེ་ནས་ཁོང་ཚོས་ང་འཇུ་

བཟུང་བྱེད་ཀྱི་ཡིན།  འཇུ་བཟུང་བྱས་པ་མ་ཟད་སྲོག་ཁྲིམས་བཅད་ཀྱི་ཡིན་ཞེས་བཤད་

ཀྱི་ཡོད་འདུག

༣ དྲི་བ།  བཙོན་པ་བྱེད་སྐབས་དཀའ་སྡུག་ག་རེ་མྱངས་མིན་སྐོར་ལ་ངོ་སྤྲོད་ཞིག་གནང་

རོགས་གནང་།
ལན། ཉེས་རྡུང་གི་དཀའ་སྡུག་ཨ་ཅང་ཅང་།ཉེན་རྟོགས་པ་གཉིས་རེས་བཙོན་པ་རེ་འཇུ་

བཟུང་བྱས། སྐེ་ལ་ཤིང་གི་སྒོ་བྱང་གཡོགས་ནས་ཆུ་རྫིང་ཞིག་གི་ནང་བཞག མགོ་སྤུ་ནས་

ཡར་འཐེན། སྒལ་སྟེང་ནས་རྐང་པས་མར་ཕུད་རྒྱག་བརྒྱབ་ནས་འཐབ་བརྩོད་བྱས་བྱུང་། གུང་ཁྲན་ཏང་མི་ཞིག་གིས་གསར་བརྗེའི་ངོ་ལོག་པ་རྩ་མེད་གཏོང་དགོས། ཞེས་བཤད་མ་

ཐག་མི་མང་ཚང་མས་རྩ་མེད་གཏོང་དགོས་ཟེར་ནས་ལག་པ་གནམ་ལ་འཕྱར་ཏེ་སྐད་འབོད་བྱས། གང་ལྟར་མི་མང་ནང་ལ་ཡང་འདོད་མཁན་བརྒྱ་ཡོད་རེད། མ་འདོད་མཁན་སྟོང་

ཡོད་རེད། ཚང་མས་ཁ་མ་གྲག་རང་གྲག་རེད།དེ་རྗེས་ཉེས་རྡུང་དྲག་པོ་བཏང་ནས་ངའི་

ལག་པ་ཡ་གཅིག་གི་རུས་པ་བཅག་པ་རེད། རླངས་འཁོར་ནང་བླུགས་སྐབས་དོ་བོ་བླུག་

པ་དང་གཅིག་པ་བྱས་ནས་གཡུགས་རྡོ་བརྒྱབ་ནས་བླུགས། དེ་དུས་རླངས་འཁོར་ལ་ངའི་

བརླ་བརྡབས་ནས་པུས་མོའི་ལྷ་ང་བཅག་པ་རེད། དེའི་སྐབས་ཀྱི་རོགས་པ་དེ་འདྲ་ད་ལྟ་

ཡོད་རེད། ཁོང་ཚོས་ཟེར་ན་སྐབས་དེ་དུས་ཤི་ཚར་སོང་བསམ་པ་དྲན་བྱུང་བཤད་ཀྱི་

འདུག  གང་ཡིན་ཟེར་ན་ཁ་མིག་སྣ་གསུམ་ཟེར་རྒྱུ་མེད་ནས་ཁྲག་དམར་ཆིལ་ཆིལ་བཏོན་

གྱི་ཡོད་པ་རེད། ཡར་ལངས་ན་ཡང་རང་ཚུགས་ཐུབ་ཀྱི་མེད། དེའི་རྗེས་ནས་ཟུང་གུང་ཁྲན་

ཏང་ལ་ངོ་ལོག་བྱེད་ཕོད་མཁན་མི་སུ་གཅིག་ཀྱང་མི་འདུག སྐབས་དེ་དུས་བཙོན་ཁང་ནང་

གི་ཁང་མིག་རེ་ལ་བཙོན་པ་དྲུག་རེ་ཡོད་རེད། ང་དང་མགར་བ་ཟེར་བ་ཞིག་ཡོད་པས་

ང་གཉིས་སྲོག་ཁྲིམས་ཀྱི་ཉེས་པ་ཡིན་ཙང་རྒྱབ་ནས་མི་བཞི་སོ་ལྟ་བྱེད་མཁན་བཞག་ཡོད་པ་རེད། བཙོན་ཁང་རེ་རེའི་ནང་རྒྱ་རེ་དང་བོད་རེ་མཉམ་དུ་བཞག་གི་འདུག རྒྱ་དེས་

ཟེར་དོན་ཁྱེད་གསོད་ཀྱི་མ་རེད་ཅེས་ང་ལ་བཤད་བྱུང་། གང་ཡིན་ཟེར་ན། རྒྱའི་བཙོན་པ་

དེས་ཉིན་ལྟར་རྒྱ་ཡིག་གི་ཚགས་པར་བལྟ་ཀློག་བྱེད་ཀྱི་འདུག དེའི་ནང་གསར་འགྱུར་

གསར་པ་ཞིག་བྱུང་ཡོད་པ་ནི་མི་གཅིག་ཀྱང་གསོད་མི་མཆོག་ལ། མི་མང་པོ་འཇུ་བཟུང་

བྱེད་མི་མཆོག་ཞེས་མའོ་ཀྲུའུ་ཞིས་བཀའ་ཕབས་འདུག་ཟེར། དེ་བརྒྱ་ཆ་བརྒྱ་ལག་བསྟར་

མ་བྱས་རུང་། ནག་ཉེས་ཡང་དུ་འགྲོ་ཡི་རེད་ཅེས་བཤད་ཀྱི་འདུགབཙོན་པའི་ཟ་མ་ལ་ཆ་

བཞག་པ་ཡིན་ན།  སྔ་དྲོ་ལཱ་ཕུག་འཚོས་ལ་མ་འཚོས་རྐང་གཉིས་དང་འབྲས་ཐུག་སླ་བོ་ཆུ་

འདྲ་བོ་ཕོར་པ་གང་མ་གཏོགས་ཡོད་མ་རེད། གྲོད་ཁོག་ལྟོག་སྟེ་ཁོག་ནས་མེ་འབར་ཡོང་

གི་འདུག ལྕགས་ཐག་རྒྱ་མ་བཅོ་བརྒྱད་བྱས་པ་ཞིག་རྐང་པ་ལ་ལྕགས་བརྒྱབ་ཡོད་པ་རེད། དེ་ཡང་བཙོན་པའི་ནག་ཉེས་མི་འདྲ་བ་ལ་རྐང་ལྕགས་ཀྱི་ལྗིད་ཚད་མི་འདྲ་བ་རེ་འདུག དེ་ནས་སྐབས་ཤིག་ང་ལ་སྲོག་ཁྲིམས་མི་བཅད་རྒྱུ་བཟོས་ནས་ལོ་གཉིས་རིང་རྟག་དཔྱད་

བྱེད་རྒྱུ་བྱས་པ་རེད།  རྫོང་གི་བཙོན་ཁང་ནས་ཞིན་ཨན་བཙོན་ཁང་ནང་བརྗེ་པོ་རྒྱབ་པ་

རེད། བཙོན་ཁང་དེའི་ནང་ཡོད་སྐབས།ནམ་གསལ་ལ་མི་གསལ་ནས་ཡར་ལང་དགོས་ཀྱི་

འདུག ཟ་མ་ནི་ལྕགས་དོང་བཙའ་བརྒྱབ་པའི་ནང་ཆུ་བླུགས་པ་འདྲ་བོའི་ཇ་ཐང་ཕོར་པ་

གང་དང་། སྨན་ཡིན་བསམས་པའི་རྩམ་པ་ཁ་གང་མ་གཏོགས་ཡོད་མ་རེད།  དེ་བཟས་

ཚར་རྗེས་ཞིང་ནང་ལས་ཀ་བྱེད་བཅུག་གི་འདུག ཞིང་ནང་ལས་ཀ་བྱེད་སྐབས་མགོ་སྒུར་

ནས་མ་གཏོགས་དགྱེ་དགྱེ་བྱས་ནས་ལས་ཀ་བྱེད་མཆོག་གི་མ་རེད། བཙོན་ཁང་ནང་ཡོད་

སྐབས་བཙོན་པ་ཕན་ཚུན་དབར་རྙོག་དྲྭ་ཕྲ་ལ་ཕྲན་བུ་ཡོངས་གི་འདུག དེ་ལ་མི་མང་ནང་

ཁུལ་གྱིས་འགལ་བ་ཟེར་ནས་ཁྲིམས་ཐག་བཅད་ཀྱི་འདུག འགལ་བ་ལ་ཁག་གཉིས་དབྱེ་

ཡི་འདུག གསར་བརྗེའི་ངོ་ལོག་པའི་འགལ་བ་དང་། མི་མང་ནང་ཁུལ་གྱི་འགལ་བ་དེ་

རེད།   གསར་བརྗེའི་ངོ་ལོག་པའི་འགལ་བ་དེ་ཚོ་ལ་འདོད་ན་ཡང་མ་འདོད་ན་ཡང་

བཙན་ཤེད་བྱས་ནས་བསྒྱུར་བཀོད་གཏོང་དགོས་རེད་ཟེར་ནས་ལག་བསྟར་བྱེད་ཀྱི་ཡོད་པ་རེད། ང་ཚོ་ལས་ཀ་བྱེད་མཁན་བླ་མ་དང་། གྲྭ་པ། དགེ་བཤེས།སྤྲུལ་སྐུ་བཅས་མང་པོ་ཡོད་

རེད།  ལས་ཀ་བྱེད་སའི་ཕྱོགས་གཞི་མཚམས་བརྒྱད་ལ་དར་ལྕོག་དམར་པོ་རེ་གཙུགས་

ཡོད་རེད། དེའི་ཕར་ཕྱོགས་ན་དམག་མིས་བསྐོར་ནས་བསྡད་ཡོད་རེད། གཅིན་གཏོང་བ་

འགྲོ་སྐབས་དགོངས་པ་ཞུས་ནས་མ་གཏོགས་འགྲོ་མཆོག་གི་མ་རེད།


༤ དྲི་བ། བཙོན་འཇུག་གི་དུས་ཡུན་དང་བཙོན་པའི་ནག་ཉེས་གང་རེད་དམ།
ལན། ཁྱོན་སྡོམ་ང་རང་བཙོན་ཁང་ནང་ལོ་བཅོ་ལྔ་བཙོན་འཇུག་བྱས་བྱུང་། བཙོན་པའི་

ནག་ཉེས་དེ་གསར་བརྗེའི་ངོ་ལོགས་པ་རེད་ཟེར་གྱི་ཡོད་པ་རེད།

༥ དྲི་བ། བཙན་བྱོལ་དུ་འབྱོར་བའི་བརྒྱུད་རིམ་ཇི་ལྟར་ཡིན་ནམ།
ལན། དེ་ནས་བཙོན་འཇུག་ལོ་གྲངས་བཅོ་ལྔའི་དུས་བཀག་དེ་ཚང་བ་རེད། ང་རང་ནི་

གསར་བརྗེའི་ངོ་ལོག་པ་ཆགས་ཚར་བ་རེད། ངས་ཉིན་ལྟར་རླུང་འཕྲིན་ཉན་གྱི་ཡོད། དེའི་ནང་ང་ལ་སྐྱོན་བརྗོད་བྱེད་མཁན་འདུག་ལ། ཁྲིམས་ཁང་ལ་བཏུགས་དགོས་རེད་ཟེར་

མཁན་ཡང་འདུག ཞོར་ལ་སོ་ལྟ་བྱེད་མཁན་ཡང་མང་པོ་འདུག དེར་བརྟེན་ང་རང་ས་

གནས་དེ་ལ་བསྡད་ཐབས་བྲལ་འདུག དཀར་བཛེས་རང་སྐྱོང་ཁུལ་ནང་རྫོང་ཁག་བཅོ་

བརྒྱད་ཡོད་རེད། དེའི་ནང་འཁྱམ་མྱུལ་བྱས་ནས་བསྡད་ན་མ་གཏོགས་འཛིན་བཟུང་བྱེད་

ཀྱི་ཡོད་པ་རེད། ང་རང་བཙོན་ཁང་ནང་ཡོད་སྐབས་རྒྱ་ཡི་བཙོན་པ་ངོ་ཤེས་ཁ་ཤས་ཡོད། ཁོང་ཚོ་དང་མཉམ་དུ་རྒྱ་ནག་གྲོང་ཁྱེར་ཁག་ནང་འགྲོ་དགོས་པའི་གྲོས་བསྡུར་བྱེད་རྒྱུ་

བྱུང་། རྒྱུ་མཚན་གང་ཡིན་ཟེར་ན། ང་ཚོ་བཙོན་པ་ཡིན་ཙང་མི་དམངས་གྱི་ལྟ་སྟངས་སྡུག་

པོ་ཡོད་པ་རེད། རྒྱ་གྲོང་ཁྱེར་ཆེན་པོ་ཡིན་ཙང་ཁོང་ཚོས་འཚོལ་ན་རྙེད་དཀའ་རྒྱུ་རེད་

ཅེས་བཤད་ནས་བྲོས་ཕྱིན་པ་ཡིན། སྤྱི་ལོ་༢༠༠༠ལོར་ང་ཡི་སྤུན་མཆེད་དེས་ད་ཕ་ཡུལ་ལ་

ཡོང་ན་འགྲིགས་ས་རེད། གནའ་སྔ་མོ་ལས་བྱེད་་ཚང་མ་རྒས་ས་ལ་རྒས། ཤི་རྒྱུ་ཚང་མ་ཤི་

ཚར་འདུག ཧ་གོ་ཡི་མ་རེད་ཟེར་ནས་ང་ཕ་ཡུལ་ལ་ཡོང་བ་ཡིན། གུན་ཁྲན་ཏང་གིས་མི་

རིགས་རྩ་མེད་གཏོང་བའི་སྲིད་ཇུས་ཏེ། སྤྱི་ལོ༢༠༠༢ལོར་ཞིང་ཁའི་ནང་རྩ་བཏབས་བཅུག་

གི་ཡོད་པ་རེད། སྐབས་དེ་དུས་ཚོགས་འདུ་ཞིག་འཚོགས་ནས་མི་དམངས་ཚོའི་དཀའ་

ངལ་སེལ་རྒྱུ་ཡིན་ཟེར་ནས། ཞིང་སྡུག་ས་དེ་ཚོའི་ནང་ནས་ལོ་ཏོག་རག་ཐུབ་ཀྱི་མེད་པ་

རེད། མ་རག་ན་འབྲས་བསྐྱལ་དགོས་རེད། འབྲས་བསྐྱལ་རྒྱུ་མེད་ན་དངུལ་སྤྲད་དགོས་

ཟེར་གྱི་ཡོད་པ་རེད། དེ་ཡང་ལོ་གསུམ་རིང་རེད། ཞིང་དེའི་ནང་ཚེར་མ་བཏབས་དགོས་

ཡོད་བཤད་ཀྱི་ཡོད་པ་རེད། དེ་ལ་གན་རྒྱ་བཞག་ནས། ཞིང་མུའུ་གང་ལ་ཚེར་མ་བཏབས་

ཡོད་ན་མིང་དང་ས་ཆ་གང་ནས་ཡིན་ཟེར་བཅུགས་ནས་མི་མང་ཚང་མ་ལ་མཛུབ་ཐེལ་བརྒྱབ་བཅུག་གི་འདུག འབྲོག་པ་ཚོར། ཁོང་ཚོས་ག་རེ་བཤད་ཀྱི་ཡོད་རེད་ཟེར་ན། རི་ལ་

ལྕགས་དྲྭ་བསྐོར་ནས་ཁོར་ཡུག་གཙང་མ་བཟོ་དགོས་འདུག་ཟེར་ནས་ཟོག་སེམས་ཅན་ཚང་མ་བཤས་རྭའི་ནང་ཕབས་བཅུགས། འབྲོག་པ་ཚང་མ་འདུག་ས་མེད་པ་ཆགས་ཡོད་པ་

རེད། འཚོ་བ་ཡར་རྒྱས་དེ་ཡིན་ཟེར་ཞིང་བསམ་ཚུལ་བཤད་ཞོག་ཟེར་ནས་ཚོགས་འདུ་

འཚོགས།དེའི་སྐབས་མང་ཆེ་བ་ཕོ་གཞོན་མོ་གཞོན་རྐྱང་རྐྱང་རེད། ང་རང་ལོ་རྒན་ཤོས་

གྲས་རེད།  ཁོང་ཚོས་ཨུ་ཚུགས་བརྒྱབས་ནས་ཁྱེད་རྒན་པ་རེད་བསམ་ཚུལ་བཤད་ན་

བཟང་། ལོ་ལྔ་བཅུ་ང་གྲངས་སླེབས་ཚར་བ་རེད། བཙོན་ལ་འཛིན་གྱི་མ་རེད་ཟེར་ནས་

ངས་ལྟ་སྣང་ཞིག་བཤད་པ་ཡིན། ང་ཚོ་བོད་ཟེར་བ་དེ་གནའ་སྔ་མོ་ནས་ཞིང་པས་ཞིང་

ལས་བྱས་ནས་ཕོ་བ་རྒྱགས་ཀྱི་ཡོད་པ་རེད། འབྲོག་པས་འབྲོག་ལས་བྱས་ནས་རྟ་ཟོག་

སེམས་ཅན་རི་ལ་འཚོས་ནས་ཁ་རྒྱགས་ཀྱི་ཡོད་པ་རེད། བོད་མི་རིགས་ཀྱི་འཚོ་བ་དེ་

ཞིང་འབྲོག་གཉིས་ལ་བརྟེན་ཡོད་རེད། དེ་རིང་ཁ་སང་ཞིང་ནང་རྩྭ་བཏབས་རྒྱུ་དེ་ཡག་པོ་

ཞིག་རེད་བསམས་གཏན་ནས་དྲན་མ་བྱུང་། མ་དྲན་པའི་རྒྱུ་མཚན་གང་ཡིན་ཟེར་ན། ཞིང་

ནང་རྩྭ་བཏབ། ཤིང་བཏབ།མི་དམངས་ཚོ་ལ་ལོ་ཁ་ཤས་རིང་འབྲས་སྤྲད་ཀྱི་ཡོད་ན་ཡང་

མི་ཚེ་གང་བོར་ག་རེ་བཟའ་དགོས་རེད། བོད་མི་རིགས་དེ་མུ་གེས་ཤི་ས་རེད་ཅེས་

བཤད་པ་ཡིན། དེ་ནས་ཁོང་ཚོས་ལོ་བཅོ་ལྔའི་རིང་ཁྱེད་རང་གིས་བསམ་བློར་བསྒྱུར་

བཀོད་བྱས་ཀྱང་ཕན་འབྲས་བྱུང་མི་འདུག ད་ལྟ་ཡང་མང་ཚོགས་དཀྱིལ་ནས་གསར་

བརྗེའི་ངོ་ལོག་ཁྱབ་བསྒྲགས་བཟོས། མི་མང་ལ་སྐུལ་སློང་བཙོག་པ་སྤྲད་ཟེར་ནས་རང་

ས་ལ་འདུག་མ་ཐུབ་པ་རྒྱ་གར་ལ་མ་ཡོང་ཐབས་མེད་བྱུང་སོང་།

༦ དྲི་བ།བཙན་བྱོལ་ལ་ཕེབས་པའི་རྗེས་ལ་ཕན་ཐོག་གང་བྱུང་ཡོད་དམ་དཀའ་ངལ་ལ་

གདོང་ལེན་གང་དང་གང་བྱེད་དགོས་ཀྱི་འདུག
ལན། ར་རང་བཙན་བྱོལ་ལ་ཡོངས་ནས་བློ་བདེ་པོ་དང་བག་ཕེབས་བྱུང་སོང་། གལ་སྲིད་

ང་རང་ད་ལྟ་བོད་ལ་ཡོད་པ་ཡིན་ན། ཤི་ཚར་བ་ཡིན་ས་ཡོད། ཉིན་ལྟར་འཇིགས་སྣང་དང་

རྔམ་སྐྲགས་འོག་བསྡད་དགོས་ཀྱི་འདུགདཀའ་ངལ་ལ་གདོང་ལེན་བྱེད་དགོས་པ་དེ་འདྲ་

ཡོང་གི་འདུག དཔེར་ན་དེ་རིང་ཁ་སང་དོ་སྣང་སྤྲད་སྐབས་ལས་བྱེད་ཡིན་ན་ཡང་མི་མང་

ཡིན་ཡང་མི་དེས་བོད་མི་མང་སྤྱི་པའི་འགན་འཁུར་གྱི་འདུག་བསམ་ན་དེ་ལ་རྒྱབ་བསྐྱོར་མཐའ་གཅིག་ཏུ་ཡོད། དཔེར་ན་ང་རང་ཁམས་ནས་ཡིན།ཁམས་པ་ཞིག་ལ་རྒྱབ་བསྐྱོར་

བྱེད་བསམ་པའི་བསམ་བློ་གཏན་ནས་མེད། བོད་མི་རིགས་ཀྱི་རྩ་དོན་ལ་ལས་ཀ་བྱས་ན་

རྒྱབ་བསྐྱོར་བཟོ་དགོས་བསམ་པ་ཞིག་ཡོད། འོན་ཀྱང་ངའི་སེམས་ལ་མི་བདེ་བ་ཞིག་

ཡོང་གི་ཡོད་པ་ནི་འགོ་ཁྲིད་དང་། མི་མང་།ཤེས་ཡོན་པ་བཅས་ཚང་མའི་ནང་ཕ་ཡུལ་

གཅིག་པ་དང་ལུང་ཚན་གཅིག་པ་རྩོད་མཁན་ཡོད་འདུག དེ་ངའི་སེམས་ནང་བློ་ཕམ་

དགོས་པ་ཞིག་རེད་འདུག


༧ དྲི་བ། བོད་དོན་ཆེད་མ་འོངས་པར་ཕྱག་ལས་གང་དང་གང་གནང་འདོད་ཡོད་དམ། དམ་བཅའ་ག་རེ་བཞག་ཡོད་དམ།
ལན། མ་འོངས་པར་བུ་གཉིས་ལ་སློབ་སྦྱོང་ཡག་པོ་བྱེད་དགོས་རེད། ང་ཡུན་རིང་པོ་

འགྱང་གི་མ་རེད་ཅེས་བཤད་ཀྱི་ཡོད། ངའི་ཕ་དེ་ཡང་རྒྱ་གཞུང་གི་ཁྲིམས་ཁང་ནས་འདས་

གྲོངས་སུ་ཕྱིན་པ་རེད། ང་ཕ་དེའི་བུ་རེད་རྒྱ་དེ་འགོ་མཇུག་བསློག་དགོས་རེད་ཅེས་བཤད་

ཀྱི་ཡོད་པ་རེད། ངས་ཡང་བུ་ལ་སློབ་སྦྱོང་ཡག་པོ་བྱེད་ཅེས་དེ་འདྲ་བཤད་ཀྱི་ཡོད།

བོད་སྤྱི་པའི་རྩ་དོན་ཡིན་ན་རྒྱབ་བསྐྱོར་མཐའ་གཅིག་ཏུ་ཡོད།

Website: www.shambalapost.com

བོད་ཀྱི་ཆབ་འཕྲིན་ཕོ་ཉ་ནས།                ༢༠༡༤།༠༩།༢༦ཉིན་སྤེལ།