Tuesday, 31 March 2015

བུད་མེད་རྩོམ་པ་པོ་གྲགས་ཅན་ར་རྫ་འཇམ་དབྱངས་སྐྱིད་ལགས་ཀྱི་ལོ་རྒྱུས་མདོར་བསྡུས།

 འཇམ་དབྱངས་སྐྱིད་ནི་མཚོ་སྔོན་ཞིང་ཆེན། མཚོལྷོ་བོད་རིགས་རང་སྐྱོང་ཁུལ། མང་ར་རྫོང་གི་གྲོང་གསེབ་ཞིག་དུ་སྐྱེས། ཕྱི་ལོ་ ༡༩༨༤ ལོར་མཚོ་སྔོན་ཧེ་ནན་གྲངས་ཉུང་མི་རིགས་ཀྱི་ཚན་རྩལ་སློབ་གླིང་གི་དགེ་རྒན་འོས་སྦྱོང་སྡེ་ཚན་ནས་བསླབ་པ་མཐར་སོན་བྱས། དེ་རྗེས་ཁོ་མོས་མཚོ་སྔོན་བོད་སྐད་བརྙན་འཕྲིན་ལས་ཁུངས་སུ་ཡིག་སྒྱུར་དང་། གསར་འགྱུར་རྒྱང་སྒྲོག རྩོམ་འབྲི། འགན་འཛིན་སོགས་ཀྱི་ལས་འགན་བསྒྲུབས་དང་སྒྲུབ་བཞིན་ཡོད། ཕྱི་ལོ་ ༡༩༩༣ ལོར་མཚོ་སྔོན་སློབ་གསོའི་ལྟེ་གནས་ཀྱི་ཡིག་ཟམ་བརྒྱུད་པའི་སློབ་སྦྱོང་འགོ་བཙུགས་ཏེ་ཕྱི་ལོ་ ༡༩༩༦ ལོར་ཐོན།

འཇམ་དབྱངས་སྐྱིད་ཀྱིས་ལས་ཞོར་དུ་གླུ་གཞས་གཏོང་བའི་བྱ་བར་གཞོལ་ནས་སྙན་གྲགས་ཆེན་པོ་ཐོབ་ཡོད། ཁོ་མོས་སྲོལ་རྒྱུན་དང་དེང་རབས་ཀྱི་སྒྱུ་རྩལ་མཉམ་བསྲེས་བགྱིས་ཏེ་རང་གི་ཐུན་མོང་མ་ཡིན་པའི་གླུ་དབྱངས་ཀྱི་ཁྱད་ཆོེས་གསར་གཏོད་བྱས་ཡོད་ལ། ད་ཕན་ཁོ་མོས་གླུ་གཞས་འདྲ་མིན་གྱི་སྒྲ་སྡེར་ CD ལྔ་དང་། བརྙན་སྡེར་ vcd གསུམ་ཕྱོགས་སྒྲིག་བྱས་ཡོད།

ཁོང་གིས་བོད་ཀྱི་གླུ་གཞས་དང་རོལ་དབྱངས་ཀྱི་སྐོར་ལ་དཔྱད་རྩོམ་མི་ཉུང་བ་ཞིག་སྤེལ་ཡོད་པ་ལས་ཁ་ཤས་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ཁྲོད་ནུས་ལྡན་གྱི་ཤན་ཞུགས་ཐུབ་བྱུང་ཡོད།
ཁོ་མོས་སྨིན་ཞུན་ནམ་རྨི་ལམ་ནང་གི་མུ་ཏིག་ཞེས་པའི་སྨྱུག་མིང་འོག་རྩོམ་སྤེལ་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ཟླ་ ༤ ཚེས་ ༡ ཉིན་མཚོ་ཞིང་ཆེན་གྱི་ཉེན་རྟོག་མི་སྣ་ཁོ་མོའི་ལས་ཁུངས་ནང་ཡོང་སྟེ་ཁོ་མོ་འཛིན་བཟུང་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་ཟེར་ན་ཁོ་མོས་ཕྱི་རྒྱལ་དུ་དགའ་ཉེ་ཞིག་བརྒྱུད་དེ་གནས་ཚུལ་ཕྱིར་སྤྲོད་བྱས་ཡོད་བཟོ་དང་། ཕྱིས་སུ་ཁོ་མོའི་སྡོད་ཤག་ནས་རྩིས་འཁོར་གཉིས་བསྔོགས་བཤེར་བྱས་ཏེ་ཁོ་མོས་ “ཕྱི་རྒྱལ་གྱི་དྲ་ཚིགས་” ལ་བལྟས་ཡོད་ལུགས་སོགས་བཤད་འདུག དངུལ་གྱི་ཉེས་ཆད་ལྕི་མོ་ཞིག་སྤྲད་རྗེས་ཁོ་མོ་ཕྱི་ལོ་ ༢༠༠༨་ ཟླ་ ༤ ཚེས་ ༢༡ ཉིན་ཁག་ཐེག་བཞག་པའི་ཆ་རྐྱེན་འོག་བཙོན་གྲོལ་ཐོབ་ཡོད་འདུག