Thursday, 19 March 2015

མཁས་དབང་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་སྙིང་གི་ནོར་བུ།



བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གསུངས་དོན། དེ་རིང་འདིར་ཕེབས་པའི་སྐྱབས་ཡུལ་དགེ་འདུན་པ་རྣམ་པ་དང། བཀའ་ཟུར་རྣམ་པ། སྤྱི་འཐུས་རྣམ་པ། དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་མཛད་གཙོ་རྣམ་པ། གཞན་ཡང་ཁུལ་འདིའི་མི་མང་ཡོངས་ལ་ད་ལྟ་འདིར་ངོ་སྤྲོད་གནང་བ་ནང་བཞིན། དེ་རིང་འདིར་ས་གནས་མང་ཚོགས་ལ་དབུ་མའི་ལམ་གྱི་སྐོར་ལ་གཏམ་བཤད་ཅིག་བྱེད་དགོས་ཞེས་མཛད་གཙོ་རྣམ་པ་གཉིས་ངའི་རྩར་བཅར་ནས་ཨུ་ཚུགས་གནང་གི་འདུག ངས་དེ་དུས་ཀྱང་ཞུ་རྒྱུ་བྱུང་མོད་ད་རེས་བསྐྱར་དུ་ཞུ་རྒྱུར། གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ཟེར་བ་དེ་ཉི་མ་གཅིག་ལ་བྱུང་བའི་གནས་ཚུལ་ཞིག་དང། གང་ཟག་གཅིག་གིས་ཐག་བཅད་པའི་གནས་ཚུལ་ཞིག་མ་ཡིན་པར་འདས་པའི་ལོ་བཞི་བཅུ་ལ་ཉེ་བ་ཞིག་གི་རིང་ལ་གཞིས་བྱེས་བོད་མི་མང་ཚོགས་གིས་བསམ་བློ་བསྡུར་བའི་ཐོག་ནས་༸གོང་ས་སྐྱབས་མགོན་ཆེན་པོའི་ལམ་སྟོན་གྱི་འོག་མང་གཙོའི་བརྒྱུད་རིམ་དང་མཐུན་པར་ཐག་གཅོད་བྱས་པ་དང་།
དེའི་བར་གྱི་མཇུག་འབྲས་དང་འཕེལ་རིམ་སོགས་ཚང་མ་ཕྱི་གསལ་ནང་གསལ། གཞིས་བྱེས་བོད་མི་ཡོངས་རྫོགས་ཀྱིས་ཆེ་མཐོང་ཡོད་པ་ཞིག་ཆགས་བསྡད་ཡོད་པ་རེད། དེ་ཙམ་དུ་མ་ཟད་དབུས་བོད་མིའི་སྒྲིག་འཛུགས་དང་། མང་ཚོགས། གཞུང་འབྲེལ་དང་གཞུང་མ་ཡིན་པའི་ཚོགས་མང་པོ་ཞིག་བརྒྱུད་ནས་དེའི་སྐོར་ལ་བགྲོ་གླེང་ཡང་མང་པོ་བྱུང་ཡོད་པ་རེད། དྲིལ་སྒྲོག་ཀྱང་མང་པོ་བྱས་ཡོད་པ་རེད། དེར་བརྟེན་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་ནང་ལ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་སྐོར་ལ་གོ་རྟོགས་མེད་མཁན་ཧ་ལམ་ཡོད་པ་མ་རེད་བསམ་གྱི་ཡོད། ཚང་མར་གོ་རྟོགས་ཡོད་བཞིན་པ་ཞིག་བསྐྱར་ཟློས་ཡང་ཟློས་བྱས་ནས་བཤད་བསྡད་པ་ཡིན་ན་དེར་དགོས་པ་རྒྱུ་མཚན་ཆེར་མེད་པ་ལྟ་བུར་མཐོང་སོང།
ལྷག་པར་དུ་ཡང་འདས་པའི་ལོ་གཉིས་ལྷག་ཅིག་གི་རིང་ལ་སྒྲིག་འཛུགས་ཀྱི་ལས་དོན་གང་གི་ནང་ལའང་ད་ལྟའི་བཀའ་མོལ་ཞུས་ཡོད་པ་མ་རེད། དེར་བརྟེན་བར་ལམ་གྱི་བྱུང་རིམ་དང་འགྱུར་བ་གང་ཡིན་པ་དེ་ངས་གསལ་བོ་ཤེས་ཀྱི་ཡོད་པ་མ་རེད། དེ་འདྲ་ཡིན་པས་དེ་རིང་འདིར་མི་མང་མང་པོ་ཞིག་གིས་ཐུགས་རེ་གནང་ནས་ངས་གསར་པ་ཞིག་ལབ་ཀྱི་མེད་དམ་དགོངས་པ་ཡིན་ན་རེ་བ་དེ་སྟོང་ཟད་དུ་འགྲོ་གི་རེད། མི་མང་ལས་འགུལ་ཁང་གིས་དབུ་མའི་ལམ་གྱི་སྐོར་བཤད་རོགས་ཀྱིས་ཞེས་གསུངས་པས་རྩ་བ་ནས་མིན་ཞེས་ཞུས་ནའང་སྟབས་མ་བདེ་བ་ཞིག་འདུག །དེ་འདྲ་ཡིན་པས་མི་མང་ལས་འགུལ་ཁང་གི་དགོངས་གཞི་འགྲུབ་པའི་ཆེད་སྔ་མ་ནས་མང་པོ་ཞིག་བཤད་ཟིན་པ་ཚང་མས་མཁྱེན་བཞིན་པ་དེ་དག་བསྐྱར་བལྡབ་བྱེད་དགོས་ཡོད་པ་མ་རེད་བསམ་གྱི་འདུག །དེར་བརྟེན་དུས་ཚོད་མང་པོ་ཞིག་དོགས་འདྲི་དེ་འདྲ་ཡོད་ན་དྲི་བ་དྲིས་ལན་གྱི་ཐོག་ལ་བཏང་ན་གནས་ཚུལ་བོ་མེད་པ་གསལ་བོ་བཟོ་བ་དང་། ཡང་དོགས་པ་མ་ཆོད་པ་དོགས་པ་ཆོད་པ་ལ་ཕན་ཐོགས་ཆེ་བ་ཡོང་མདོག་ཁ་པོ་རེད།  ངའི་ངོས་ནས་འདིའི་སྐོར་མང་པོ་ཞིག་ཞུས་བསྡད་པ་ཡིན་ན། ཞི་བ་ལྷས། སྔོན་ཆད་མ་བྱུང་བ་ཡང་འདིར་བརྗོད་མེད། །གསུངས་པ་ནང་བཞིན་རེད། སྔོན་ཆད་མ་བྱུང་བ་ཞིག་གསར་པ་བཤད་རྒྱུ་མེད་པས་ཀུན་གྱི་ཐུགས་ལ་ཡོད་བཞིན་པ་ཞིག་བསྐྱར་བལྡབ་བྱེད་པ་དེ་དུས་ཚོད་ཆུད་ཟོས་གཏོང་བ་ཙམ་མ་གཏོགས་དམིགས་བསལ་གྱི་དགོས་པ་དམིགས་ཡུལ་ཞིག་བསྒྲུབ་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ནའང་ངས་གོང་དུ་ཞུས་པ་ནང་བཞིན་མི་མང་ལས་འགུལ་ཁང་གིས་ལས་རིམ་འདི་འདྲ་ཞིག་གོ་སྒྲིག་ཞུས་པ་ལ་ཏན་ཏན་དགོས་པ་ཞིག་གཟིགས་ཡོད་མདོག་ཁ་པོ་རེད།
དེ་ལ་བརྟེན་ནས་ང་ཚོ་ཚང་མས་ཡང་ཡང་བཀའ་མོལ་གནང་ཟིན་པ་ཞིག་བསྐྱར་བལྡབ་བྱེད་པའི་འབད་བརྩོན་ཞུ་གི་ཡིན། ད་ལྟ་འདིར་མི་མང་ལས་འགུལ་ཁང་གི་མཛད་གཙོ་རྣམ་པ་ཚོས་ངོ་སྤྲོད་ནང་གསུངས་པ་བཞིན་དབུ་མའི་ལམ་གྱི་སྲིད་ཇུས་དེ་༸སྐྱབས་མགོན་རིན་པོ་ཆེས་ཐོག་མར་ཆབ་སྲིད་ཀྱི་ཐུགས་འགན་བཞེས་པ་ནས་བཟུང་ཐུགས་ལ་ཡོད་པ་ཞིག་དང་། ཐུགས་ལ་ཡོད་པ་ནང་བཞིན་ཕྱག་ལེན་དུ་བསྟར་དགོས་པའི་གནས་བབས་ཤིག་བྱུང་བ་རེད། དེའི་རྗེས་ལྔ་བཅུ་ང་དགུའི་འབྱུང་རྐྱེན་གྱི་རྗེས་ལ་༸གོང་ས༸སྐྱབས་མགོན་ཆེན་པོའི་ཐུགས་ཀྱི་བཞེད་དགོངས་གང་ཡོད་པ་དེ་སྐབས་དེ་དུས་ཀྱི་སྤྱི་ཚོགས་ཀྱི་བསམ་ཚུལ་དང་། ལྷག་པར་དུ་བོད་ནང་གི་མི་མང་གི་ང་བཅུ་ང་དགུའི་གྱེན་ལངས་ཀྱི་གནས་བབས་དེའི་འོག་ནས་ང་ཚོས་ཐབས་ལམ་གསར་པ་ཞིག་དང་དམིགས་ཡུལ་གསར་པ་ཞིག་མ་བཟུང་ཐབས་མེད་བྱུང་བ་རེད། ཡིན་ནའང་དེའི་གནས་སྟངས་དེ་རྒྱུན་རིང་པོ་ཞེད་པོ་ཞིག་ལ་འགྲོ་ཐུབ་ཀྱི་མེད་པ་དེ་༸གོང་ས་སྐྱབས་མགོན་ཆེན་པོས་སྔོན་ཚུད་ནས་ཐུགས་ལ་དགོངས་ཀྱི་ཡོད་པ་རེད་བསམ་གྱི་ཡོད། གང་ཡིན་ཟེར་ན་བཙན་བྱོལ་གཞུང་གི་ཡོངས་གྲགས་སྲིད་ཇུས་ཀྱི་ནང་ལ་རང་བཙན་བསྐྱར་གསོ་བྱེད་པའི་ལས་འགན་རྩོམ་བཞིན་པའི་སྐབས་དང། དབུ་མའི་ལམ་གྱི་སྲིད་ཇུས་གསལ་བསྒྲགས་མ་གནང་བའི་སྐབས་ནས་༸སྐྱབས་མགོན་རིན་པོ་ཆེས་བཀའ་རྩོམ་གནང་བའི་བདེན་གསོལ་སྨོན་ཚིག་དང་ཆོས་སྲུང་འཕྲིན་བསྐུལ་དེ་ཚོའི་ནང་རང་དབང་ཟེར་བའི་ཚིག་དེ་མ་གཏོགས་རང་བཙན་ཟེར་བའི་ཚིག་དེ་ཆེད་དུ་གཉེར་ནས་བེད་སྤྱོད་གནང་ཡོད་པ་མ་རེད། སྡེབ་སྦྱོར་གྱི་ཆ་ནས་བཤད་ན་རང་དབང་ཞེས་པའི་ཚིག་དེ་དང་རང་བཙན་ཞེས་པའི་ཚིག་དེ་གཉིས་ཀའང་ཚིགས་བཅད་རྩོམ་པའི་སྐབས་ལ་མ་འགྲིགས་པ་གང་ཡང་ཡོད་པ་མ་རེད། རང་དབང་ཞེས་པ་ཡོད་སར་རང་བཙན་ཞེས་པའི་ཚིག་དེ་བཅུག་པ་ཡིན་ནའང་ཚིག་གི་སྡེབ་སྦྱོར་ཉམས་ཀྱི་མ་རེད། ཡིན་ནའང་དེ་བེད་སྤྱོད་མ་གནང་བར་རང་དབང་ཞེས་པའི་ཚིག་དེ་བེད་སྤྱོད་གནང་བ་ནི་མཐའ་མའི་དུས་ལ་དབུ་མའི་ལམ་གྱི་ཐོག་ལ་མ་ཕེབས་ཐབས་མེད་ཀྱི་གནས་ཚུལ་ཞིག་ཡོང་གི་ཡོད་པ་དེ་མ་འོངས་མངོན་གཟིགས་ཀྱི་ལམ་ནས་དེ་ལྟར་གནང་བ་རེད་བསམ་གྱི་ཡོད། དེ་མ་གཏོགས་༸སྐྱབས་མགོན་རིན་པོ་ཆེས་གློ་བུར་གློ་བུར་ལ་དགོངས་པ་བཞེས་པ་དང་། འཕྲལ་སྒང་གི་དགོས་མཁོ་ལ་གཟིགས་ནས་ཐག་གཅོད་དང་ལྗགས་རྩོམ་གནང་བཞག་པ་དེ་འདྲ་གཅིག་ཀྱང་ཡོད་མ་རེད་ཅེས་ལབ་ཐུབ་ཀྱི་རེད་བསམ་གྱི་འདུག །
དྲུག་ཅུ་རེ་གྲངས་ནས་ཁ་བྲལ་དུ་མ་སོང་བ་བྱས་ནས་ཚད་ལྡན་གྱི་རང་སྐྱོང་ཞིག་གི་གནས་བབས་འོག །བོད་དོན་བདེན་མཐའ་སེལ་རྒྱུའི་ཐབས་ཤེས་གནང་བའི་དགོངས་གཞི་དང་བཀའ་མོལ་དེ་བཀའ་ཤག་དང་། སྤྱི་འཐུས་ཚོགས་གཙོ་རྣམ་པས་མཚོན་སྐབས་དེའི་གྲོས་ལ་དབང་བའི་མཛད་གཙོ་རྣམ་པ་ཚོ་དང་བཀའ་མོལ་ཡོང་གི་ཡོད་པ་རེད། ཧ་ལམ་ལོ་གྲངས་བཅུ་ཕྲག་བརྒལ་བ་ཞིག་གི་རིང་ལ་ཞིབ་འཇུག་དང་། བརྟག་དཔྱད། གྲོས་བསྡུར་ཞིབ་ཚགས་པོ་གནང་བའི་རྗེས་སུ། ཕྱི་ལོ་༡༩༧༤ནས་ཡོངས་གྲགས་ཀྱིས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་གཟུང་བར་ཐུགས་ཐག་ཆོད་པ་དང་། དེ་ནས་ལོ་ཁ་ཤས་ཀྱི་རྗེས་བོད་རྒྱའི་འབྲེལ་ལམ་མགོ་བཙུགས་པའི་སྐབས་སུ་གཞི་ནས་ལམ་ཁ་གསར་པ་ཞིག་ལ་གོ་བསྡུར་དང་དགོངས་པ་བཞེས་མི་དགོས་པའི་ཐོག་ནས། རྒྱ་ཕྱོགས་ལ་ཡ་ལན་གནང་བདེ་བོ་ཞིག་ཆགས་ཡོད་པ་དེ་ཕྱི་ལོ་༡༩༧༤ ནས་བཟུང་སྟེ་ནང་དོན་གཉིས་ཕན་དབུ་མའི་ལམ་གྱི་སྲིད་ཇུས་གཏན་འབེབས་བྱུང་ཡོད་པ་དེའི་ཉེར་ལེན་ལ་བརྟེན་ནས་བྱུང་བསྡད་པ་ཞིག་རེད། ཡིན་ནའང་དེ་ཡོངས་གྲགས་དང་རྒྱལ་སྤྱིའི་ནང་ལ་གསལ་བོ་བཟོས་མ་གནང་བའི་གོང་དུ་ཡང་༸གོང་ས་མཆོག་གིས་ཡང་ནས་ཡང་དུ་བཙན་བྱོལ་བོད་མི་མང་ཚོགས་དང་གཞིས་ལུས་བོད་མི་ཡོངས་ཀྱི་བསམ་ཚུལ་དང་སློབ་སྟོན་གསལ་བོ་ཞིག་མཁྱེན་རྒྱུའི་ཐབས་ཤེས་ཡང་ཡང་གནང་བ་རེད།
རྒྱལ་སྤྱིའི་ནང་ལ་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་མར་གསལ་བསྒྲགས་གནང་བའི་གོང་སྟེ(Strasbourg Proposal)དེར་ཧ་ཅང་གཞི་རྒྱ་ཆེ་བའི་ཚོགས་ཆེན་ཞིག་བསྡུ་བསྐོང་གནང་ནས། དེའི་སྐབས་ཉིན་གྲངས་བཞི་ལྔ་ཞིག་གི་རིང་ལ་ཚང་མས་རང་རང་སོ་སོའི་བསམ་ཕྱོགས་དང་རྒྱུ་མཚན་གང་ཡིན་པ་ཆ་ཚང་ཞིག་བརྡར་ཤ་ཆོད་པའི་ཐོག་ནས་ཞུ་རྒྱུ་དང་བགྲོ་གླེང་བྱེད་རྒྱུའི་གོ་སྐབས་སྤྲད་ནས་སུ་ཏྲས་སི་སྦག་གི་གསུང་བཤད་ཀྱི་ཟིན་བྲིས་ལ་གཞིས་བཞུགས་བོད་མི་དང་བཙན་བྱོལ་བོད་མི་གཉིས་ཀའི་སྐུ་ཚབ་མཚོན་པའི་མང་ཚོགས་ཀྱི་ཚོགས་འདུ་ཞིག་གི་སྟེང་ནས་ཐག་ཆོད་རྒྱབ་གཉེར་གནང་བ་ཞིག་རེད། ༡༩༨༨ཕྱི་ཟླ ༦ པའི་ནང་ལ་འཚོགས་པའི་ཚོགས་ཆེན་དེ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དེ་མང་ཚོགས་ཀྱིས་ཐག་གཅོད་བྱས་པའི་ལས་རིམ་དང་པོ་དེ་ཆགས་ཀྱི་ཡོད་པ་རེད། ༡༩༨༨ ནས་ ༡༩༩༦ གི་བར་དུ་དེའི་ཐོག་ལ་མུ་མཐུད་ནས་ཆ་ཤས་གནང་བའི་རྗེས་ལ་ཐོག་མའི་དམིགས་ཚད་དང་འཚམ་པའི་གྲུབ་འབྲས་མ་བྱུང་བས་བསྐྱར་དུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དེ་མུ་མཐུད་ནས་འགྲོ་དང་མི་འགྲོ་མང་མོས་ཐག་གཅོད་འོས་བསྡུའི་བཅའ་ཁྲིམས་ཀྱི་ཆ་རྐྱེན་གྱི་འོག་ནས་གནང་བར་ཐུགས་གཏན་ཁེལ་བའི་ཉེར་ལེན་ལ་བརྟེན་ནས་བཀའ་སྤྱི་ཐུན་མོང་གིས་བཙན་བྱོལ་བོད་མི་འདུས་སྡོད་ཁག་དང་། བོད་ནང་ལ་ཡོད་པའི་བོད་མི་ཚོའི་བསམ་ཚུལ་བསྡུ་ཐབས་སོགས། དེ་འདྲའི་ཐབས་ལམ་མང་པོ་ཞིག་གི་ཐོག་ནས་མང་མོས་ཐག་གཅོད་འོས་བསྡུའི་ལས་གཞི་ཧ་ལམ་ལོ་གཅིག་མ་ཟིན་ཙམ་ལ་ཞིབ་ཚགས་པོ་དང་ཧུར་པོ་བྱས་ནས་གནང་བ་རེད།
དེའི་སྐབས་གཉིས་སྨན་དབུ་མའི་ལམ་དེ་༸རྒྱལ་བ་རིན་པོ་ཆེའི་བཀའ་ཡིན་པ་དང་། ཚང་མས་དེ་ལ་མོས་མཐུན་བྱ་དགོས་པ་ཟུར་ཙམ་ཡང་བཙན་པོ་དབང་ཡོད་ཀྱི་ཐོག་ནས་བཀའ་གནང་ཡོད་པ་མ་རེད། མང་མོས་ཐག་གཅོད་འོས་བསྡུའི་ནང་ལ་གདམ་བྱའི་དོན་ཚན་ག་ཚོད་ཡོད་པ་དེར་མི་མང་གི་མངོན་འདོད་འདོན་རྒྱུའི་གོ་སྐབས་ཆ་ཚང་གནང་བ་རེད། གནང་བ་གཞིར་བཟུང་མང་ཚོགས་ནས་བསམ་ཚུལ་བསྡུས་པའི་དངོས་དོན་ལ་གདམ་བྱ་དོན་ཚན་བཞི་ཕལ་ཆེར་ཡིན་ནམ། ད་དུས་ཚོད་རྒྱུན་རིང་སོང་བས་ཧ་ཅང་གསལ་བོ་ཞིག་དྲན་གྱི་མི་འདུག་སྟེ། དེ་ཚོ་ཡང་མང་ཚོགས་ཀྱི་མངོན་འདོད་བསམ་ཚུལ་དང་མཐུན་པ་བྱས་ནས་གཏན་ཁེལ་བ་ཞིག་མ་གཏོགས་བཀའ་ཤག་དང་༸གོང་ས་མཆོག །ཡང་ན་སྤྱི་འཐུས་ཀྱིས་གཏན་འབེབས་གནང་བའི་གདམ་བྱ་དོན་ཚན་དེ་འདྲ་མ་རེད། གདམ་བྱ་དོན་ཚན་རེ་རེའི་སྟེང་ལ་དེར་རྒྱབ་སྐྱོར་གནང་མཁན་གྱི་སྲི་ཞུ་བ་ཡིན་ནའང་འདྲ། ཆབ་སྲིད་དབུ་འཁྲིད་ཡིན་ནའང་འདྲ། གཞུང་འབྲེལ་མ་ཡིན་པའི་གང་ཟག་སྒེར་པ་ཡིན་ནའང་འདྲ། ཚང་མས་བརྒྱུད་ལམ་ཁག་དང་། ཚོགས་འདུ་ཁག། །མང་ཚོགས་ཀྱི་ནང་བཅས་ལ་རང་གི་བསམ་ཚུལ་དགོས་པ་རྒྱུ་མཚན་དང་བཅས་པ་ཆ་ཚང་ཞིབ་ཚགས་པོ་བྱས་ནས་བཤད་པ་དང་། སྒྲ་ཐག་འབུལ་བ། རྒྱུ་མཚན་བགྲང་བ་བཅས་ཆ་ཚང་གནང་ཡོད་པ་རེད། ཐབས་ལམ་དེ་ཚོ་ཆ་ཚང་བེད་སྤྱོད་བཏང་བའི་ཐ་མ་དེ་ལ་མང་ཚོགས་ཀྱི་བསམ་ཚུལ་བརྒྱ་ཆ་དྲུག་ཅུ་རེ་བཞི་དང་གྲངས་ཆུང་ཁ་ཤས་ཤིག་གིས་མང་མོས་ཐག་གཅོད་འོས་བསྡུ་གནང་མི་དགོས་པའི་ཐོག་ནས། ཡང་ན་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་སྐྱོང་གནང་རྒྱུའམ། ཡང་ན་༸གོང་ས་མཆོག་གིས་ཡེ་ཤེས་དབྱིངས་དཔྱད་གནང་བར་གསོལ་འདེབས་ཞུ་བ་དེ་གཉིས་ཀྱི་ཐོག་ལ་མོས་མཐུན་བྱུང་བ་རེད།
དེར་བརྟེན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་བྱུང་བ་དེ་བཙན་བྱོལ་རྐྱང་རྐྱང་མ་རེད། གཞིས་བཞུགས་མང་ཚོགས་ཀྱི་ནང་ནས་ཀྱང་གང་ཐུབ་ཐུབ་ཀྱིས་སྐུ་ཚབ་མཚོན་པའི་བསམ་ཚུལ་བསྡུ་བའི་འབད་བརྩོན་སྐབས་དེ་དུས་གནང་བ་རེད། བརྒྱ་ཆ་དྲུག་ཅུ་རེ་བཞི་ལྷག་དགོངས་ཚུལ་གཅིག་གྱུར་བྱུང་བ་དེ་གཞི་ལ་བཞག་ནས་སྤྱི་འཐུས་ལྷན་ཚོགས་ཀྱིས་བརྡར་ཤ་ཆོད་པོའི་བགྲོ་གླིང་གཏིང་ཟབ་གནང་བའི་རྗེས་ལ། སྤྱི་མོས་ཀྱི་ཐོག་ནས་མང་མོས་ཐག་གཅོད་འོས་བསྡུ་དངོས་སུ་གནང་མ་དགོས་པར། རྒྱ་ནག་གི་གནས་སྟངས་དང་རྒྱལ་སྤྱིའི་གནས་སྟངས་ལ་བསྟུན་ནས་༸གོང་ས་༸སྐྱབས་མགོན་ཆེན་པོས་དུས་ནས་དུས་སུ་བོད་ཀྱི་རྩ་དོན་གྱི་ཆེད་དུ་སྲིད་ཇུས་གང་འདྲ་ཞིག་འཛིན་པ་གནང་བ་ཡིན་ནའང་དེ་༸སྐྱབས་མགོན་རིན་པོ་ཆེས་ཤན་འབྱེད་ཀྱིས་ལམ་སྟོན་གནང་རྒྱུ་དང་། ༸སྐྱབས་མགོན་རིན་པོ་ཆེས་གང་ལམ་སྟོན་གནང་བ་དེ་མང་མོས་ཐག་གཅོད་འོས་བསྡུའི་ལམ་ནས་ཐག་གཅོད་བྱས་པ་དང་གནས་ཚད་མཚུངས་པའི་ཐག་གཅོད་ཅིག་ལ་སྤྱི་འཐུས་ལྷན་ཁང་གིས་ངོས་འཛིན་ཞུ་རྒྱུ་དང་། སྤྱི་འཐུས་གྲོས་ཚོགས་ཀྱིས་སྤྱི་མོས་ཀྱི་ཐོག་ནས་གཏན་ལ་ཕབ་པའི་གྲོས་ཆོད་ཀྱི་ལམ་ནས་༸སྐྱབས་མགོན་རིན་པོ་ཆེ་ལ་མང་མོས་ཐག་གཅོད་འོས་བསྡུའི་གྲུབ་འབྲས་དང་གནས་ཚད་མཉམ་པའི་ཐག་གཅོད་ལ་ངོས་འཛིན་ཞུ་རྒྱུ་ཡིན་ཞེས་ཞུས་པ་དེས། ༡༩༩༨ལོར་བསྐྱར་དུ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་མུ་མཐུད་གནང་རྒྱུའི་གནས་བབས་དེ་བྱུང་བ་རེད།  
དེར་བརྟེན་དེའི་རྗེས་ལ་ཡང་དངོས་གནས་བྱས་པ་ཡིན་ན་སྲིད་ཇུས་དེ་ལ་འགྱུར་བ་གཏོང་བའི་ལམ་ཁ་ནི་མང་མོས་ཐག་གཅོད་འོས་བསྡུའི་ལམ་ཁ་རྐྱང་པ་མ་གཏོགས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་མང་མོས་དང་སྤྱི་མོས་ཀྱི་ཐོག་ནས་འགྱུར་བ་གཏོང་ས་མེད་པའི་གནད་དོན་ཞིག་རེད། ཆབ་སྲིད་དང་ཁྲིམས་ལུགས་གཉིས་ཀའི་ཐོག་ནས་བལྟས་པ་ཡིན་ནའང་སྐབས་དེ་དུས་ཀྱི་སྤྱི་མོས་གྲོས་ཆོད་དེའི་ནང་ནས་མ་འོངས་པ་ལ་ཡང་སྲིད་ཇུས་དེ་ལ་འགྱུར་བ་གཏོང་བའི་ལམ་ཁ་མང་མོས་ཐག་གཅོད་འོས་བསྡུ་མ་གཏོགས་གཞན་པ་གང་ཡང་མེད་པ་གསལ་བོ་ཞུས་པ་དེ་ད་ལྟ་ཡང་རང་འཇགས་བསྡད་ཡོད་པ་རེད། ཡིན་ནའང་ཉིས་སྟོང་བརྒྱད་ཀྱི་ལོ་ལ་བོད་ཕྱི་ནང་གཉིས་ཀྱི་ནང་ཛ་དྲག་གི་གནས་བབས་ཆེན་པོ་ཞིག་བྱུང་བ་དང་། རྒྱལ་སྤྱིའི་ནང་ལའང་དེའི་དབང་གིས་ཤུགས་རྐྱེན་ཆེན་པོ་ཐེབས་པས། ༸གོང་ས་སྐྱབས་མགོན་ཆེན་པོས་བསྐྱར་དུ་བཅའ་ཁྲིམས་དོན་ཚན་ལྔ་བཅུ་ང་དགུ་པའི་ཆ་རྐྱེན་གྱི་འོག་ནས་དམིགས་བསལ་ཚོགས་ཆེན་བསྡུ་བསྐོང་གནང་ནས། སྐབས་དེ་དུས་༸གོང་ས་མཆོག་གིས་ད་རེས་དམིགས་བསལ་ཚོགས་ཆེན་འདིའི་སྟེང་སྤྱི་མོས་མང་མོས་གང་འདྲ་ཞིག་གི་ཐོག་ནས་ཐག་གཅོད་བྱུང་བ་ཡིན་ན། དེ་རང་གི་ཐོག་ལ་ཕེབས་རྐྱང་མ་གཏོགས་ཐེ་ཚོམ་ནེམ་ནུར་གང་ཡང་མེད་ཅེས་སྐབས་དེ་དུས་ཀྱི་བཀའ་ཤག་ལ་གསལ་བོར་བཀའ་གནང་སོང་ལ་ཚོགས་ཆེན་རང་དུའང་ཞལ་གསལ་བོས་བཀའ་གནང་ཡོད་པ་རེད། སྐབས་དེ་དུས་དམིགས་བསལ་ཚོགས་ཆེན་ལ་ཕེབས་མཁན་ཚོགས་མི་དེ་འདྲ་དེ་རིང་འདིའི་ནང་ལའང་ཡོད་མདོག་ཁ་བོ་རེད། བོད་པའི་སྤྱི་ཚོགས་ནང་ཧ་ཅང་མང་པོ་བསྡད་ཡོད་པ་རེད། སྐབས་དེར་ཡང་དགོངས་འཆར་གསུང་མཁན་ཚང་མས་ཕྱོགས་གང་འདྲ་ཞིག་གི་ཐོག་ལ་གཞུང་གི་སྲིད་ཇུས་དང་མཐུན་པ་དང་མི་མཐུན་པ་དང་། གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དང་མཐུན་པ་དང་མི་མཐུན་པ་དང་དེ་ལས་གཞན་པའི་ལངས་ཕྱོགས་གང་འདྲ་ཞིག་ཡོད་པ་ཚང་མ་འཛེམ་ཟོན་མེད་པའི་ཐོག་ནས་འཇིགས་ཞུམ་མེད་པའི་ཐོག་ནས་ཞིབ་ཚགས་བྱས་ནས་གོ་བསྡུར་ལྷུག་པོར་གནང་བའི་གོ་སྐབས་བྱུང་ཡོད་པ་དེ་ཧ་ཅང་གསལ་པོ་རེད་བསམ་གྱི་ཡོད། གོ་སྐབས་བྱུང་མ་སོང་གསུངས་པ་ཡིན་ན་དེ་དངོས་ཡོད་ཀྱི་གནས་ཚུལ་ཐོག་ལ་ཏག་ཏག་སྡོད་ཀྱི་ཡོད་པ་མ་རེད། ད་ལྟ་ཡང་སྐབས་དེ་དུས་ཚོགས་འདུ་ལ་ཕེབས་མྱོང་མཁན་ཚང་མའི་དགོངས་པར་མངའ་གསལ་ཡིན་རྒྱུ་རེད། དེའི་སྐབས་ལ་ཡང་ཚོགས་འཐུས་བརྒྱ་ཆ་བརྒྱད་ཅུ་བརྒལ་བ་ཞིག་གི་འདོད་མོས་ལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་རྒྱུན་སྐྱོང་གནང་རྒྱུར་ཐག་གཅོད་བྱུང་བ་རེད། དེའི་རྗེས་ལ་ཡང་བསྐྱར་སྣོན་པ་རྒྱག་དགོས་པ་དང་རྒྱབ་སྐྱོར་བཙལ་དགོས་པའི་གནས་བབས་ཤིག་མ་ལྷག་པ་རེད།
ཡིན་ན་ཡང་དེ་ནས་ལོ་གཉིས་ཀྱི་རྗེས་༢༠༡༠ ལོ་ལ་སླར་ཡང་སྤྱི་འཐུས་གྲོས་ཚོགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་གསུང་འཕྲིན་ལ་ཐུགས་རྗེ་ཆེ་ཞུ་རྒྱུའི་གྲོས་ཆོད་ཀྱི་ཐོག་ལ་བགྲོ་གླེང་རྒྱས་པ་ཞིག་གནང་ནས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དེར་སྤྱི་མོས་ཀྱི་ཐོག་ནས་མུ་མཐུད་ནས་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་གྲོས་ཆོད་བཞག་ཡོད་པ་རེད། དེ་འདྲ་ཡིན་པས་དེ་རིམ་པ་བཞི་པ་དེ་རེད། ལོ་བཞི་བཅུའི་རིང་ལ་ང་ཚོས་ཕྱིར་ལྟས་ཤིག་སློག་པ་ཡིན་ན་ཡང་དག་པའི་མང་གཙོའི་ལམ་སྲོལ་དང་མཐུན་པའི་ཐོག་ནས་མི་མང་གི་བསམ་ཚུལ་དང་གྲོས་ཚོགས་ཀྱི་བསམ་ཚུལ་ཚང་མ་བསྡུས་ནས་སྤྱི་མོས་དང་མང་མོས་ཚད་མཐོའི་མང་མོས་བཅས་ཀྱི་ཐོག་ནས་ཐག་གཅོད་བྱས་པའི་སྲིད་ཇུས་ཤིག་ཡིན་པ་དེ། ང་ཚོས་མ་བསྙེལ་བ་བྱས་ནས་ཐུགས་ལ་ཡང་ཡང་དྲན་གསོ་གནང་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག
འགན་འཁུར་མེད་པའི་མི་ཁ་ཤས་ཀྱིས་བརྒྱུད་ལམ་ཁག་ནས་དབུ་མའི་ལམ་གྱི་སྲིད་ཇུས་ཟེར་བ་དེ་༸རྒྱལ་བ་རིན་པོ་ཆེ་མི་གཅིག་གིས་ཐག་གཅོད་བྱས་པ་རལ་གྲི་གནམ་གཡུག་དབང་ཤུགས་ཀྱིས་མང་ཚོགས་ཀྱི་ཐོག་ལ་བཀུར་བཞག་པའི་སྲིད་ཇུས་ཡིན་པ་འདྲ་པོ་དེ་འདྲ་བཤད་མཁན་བྱུང་ཡོད་པ་རེད། ཡིན་ནའང་དེ་དག་ལ་བདེན་པའི་གཞི་རྩ་ནམ་ཡང་མེད་པ་གསལ་བོར་མཁྱེན་དགོས་པ་རེད་ཅེས་ནན་པོ་བྱས་ནས་ཞུ་རྒྱུའི་འདོད་པ་བྱུང་སོང་། དབུ་མའི་ལམ་གྱི་སྲིད་ཇུས་དེའི་ངོ་བོ་ཞུས་པ་ཡིན་ན། རྒྱ་ནག་དང་ཁ་བྲལ་བྱས་ནས་རྒྱལ་ཁབ་ལོགས་པ་བཟོ་མི་དགོས་པ་དེ་ཕྱོགས་གཅིག་རེད། རྒྱ་ནག་ནས་ཁ་བྲལ་འགྲོ་བ་དེ་ཁག་གཅིག་རེད། ད་ལྟའི་གནས་བབས་ནང་གཞིན་སྡོད་རྒྱུ་དེ་ནི་ཁག་གཞན་པ་ཞིག་རེད། དེ་གཉིས་ཀ་དང་བྲལ་བ་བྱས་ནས་བོད་མི་མང་ཚོགས་ཀྱི་མངོན་འདོད་སྒྲུབ་ཐུབ་པ་བྱེད་རྒྱུ་དེ་དབུ་མའི་ལམ་གྱི་རགས་པའི་གོ་དོན་རེད། ཡིན་ན་ཡང་དེ་ལས་ཞིབ་ཚགས་པོ་བྱས་ནས་ཕྱི་ལོ ༢༠༠༢ ནས ༢༠༡༠ བར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དང་༸གོང་ས་༸སྐྱབས་མགོན་ཆེན་པོའི་བར་ལ་འབྲེལ་མོལ་རིམ་པ་དགུ་ཙམ་ཞིག་གནང་བའི་རིང་ལ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཞིབ་ཚགས་པོའི་གནས་སྟངས་དེ་གསལ་ཁ་དོད་དུ་སོང་ཡོད་པ་རེད། ཞིབ་ཚགས་ཆེ་རུ་དང་གསལ་དུ་ཕྱིན་པ་རེད།
དེ་འདྲ་ཡིན་པས་ད་ལྟ་ང་ཚོས་ཕྱག་ལེན་གནང་བཞིན་པའི་དབུ་མའི་ལམ་གྱི་སྲིད་ཇུས་དེ་གང་འདྲ་ཞིག་ཡོད་པ་རེད་ཟེར་ན། མིང་དོན་མཚུངས་པའི་མི་རིགས་ས་གནས་རང་སྐྱོང་སྟེ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་ལ་བསྟར་བཞིན་པའི་བཅའ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ནས་བོད་ཀྱི་གནས་བབས་གསལ་རྒྱུ་དེ་ཐ་མའི་འབབ་ས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་མདོ་དོན་སྙིང་པོ་དེ་རེད། དེ་ལ་ཡང་ཡན་ལག་ཆ་ཤས་ཁ་ཤས་ཤིག་ཡོད་པ་རེད། ཡན་ལག་གི་ཆ་ཤས་དང་པོ་དེ་བོད་རིགས་ཡོངས་རྫོགས་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་ལ་ཚུད་དགོས་པ་དེ་འདོར་དུ་མི་རུང་བའི་ཆ་ཤས་སམ་ཆ་རྐྱེན་གཅིག་རེེད། ཆོལ་ཁ་གསུམ་ཞེས་ལབ་པ་ཡིན་ནའང་འདྲ། ད་དུང་ཆོལ་གསུམ་གྱི་ནང་དུ་མ་ཚུད་པའི་བོད་རིགས་ཡོད་སྲིད་པ་ཡིན་ནའང་འདྲ། གང་ལྟར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་ལ་གྲངས་ཉུང་མི་རིགས་ལྔ་བཅུ་ང་བཞིའི་ནང་ནས་བོད་གྲངས་ཉུང་མི་རིགས་ཟེར་བ་དེའི་ནང་ལ་ཚུད་མཁན་གྱི་བོད་རིགས་ཡོངས་སུ་རྫོགས་པ་དེ་རང་སྐྱོང་གི་འཛིན་སྐྱོང་གཅིག་གི་འོག་ལ་ཟླ་སྒྲིལ་གཏོང་དགོས་པ་དེ་དབུ་མའི་ལམ་གྱི་འདོར་དུ་མི་རུང་བའི་ཡན་ལག་གཅིག་རེད། དབུ་མའི་ལམ་གྱི་ཐབས་ལམ་ལ་འབད་བརྩོན་བྱེད་པའི་སྐབས་དང་། དབུ་ལམ་གྱི་དམིགས་ཡུལ་གྲུབ་པའི་རྗེས་ག་དུས་ཡིན་ན་ཡང་བོད་མི་རིགས་ཀྱི་མངོན་འདོད་བསྒྲུབ་རྒྱུའི་ཐབས་ལམ་མཐའ་གཅིག་ཏུ་འཚེ་མེད་ཞི་བའི་ལམ་འབའ་ཞིག་ལ་བརྟེན་ནས་འགྲོ་རྒྱུ་ནི་དབུ་མའི་ལམ་གྱི་འདོར་དུ་མི་རུང་བའི་ཡན་ལག་གཅིག་རེད།
དེ་དང་ཕྱོགས་མཚུངས་དབུ་མའི་ལམ་གྱི་སྲིད་ཇུས་ལ་བརྟེན་ནས་བོད་མིའི་མ་འོངས་པའི་མདུན་ལམ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་བཙལ་རྒྱུ་ཡིན་ནའང་། ཕྱི་ལོ་༡༩༥༡སྔོན་གྱི་འདས་པའི་བྱུང་རབས་སུ་གང་བྱུང་བ་དེ་བསྐྱར་གསོ་བྱེད་ཀྱི་མེད་པས། འདས་པའི་བྱུང་རབས་ལ་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་འགྱུར་བ་གཏོང་རྒྱུ་དང་། ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་རྟོག་བཟོ་བྱས་པའི་འཁྱོག་བཤད་ཀྱི་བྱུང་རབས་ལ་ངོས་ལེན་རྩ་བ་ཉིད་ནས་མི་དགོས་པ་བཅས་གསུམ་པོ་དེ་དབུ་མའི་ལམ་གྱི་སྲིད་ཇུས་དང་མཉམ་དུ་ཡོད་པའི་ཆ་རྐྱེན་རེད། ད་ཚང་མས་མཁྱེན་གྱི་ཡོད་མོད་ངས་བསྐྱར་དུ་དྲན་གསོ་བའི་ཆེད་དུ་ཞུ་བཞིན་ཡོད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་ལ་བསྟར་བཞིན་པའི་རྩ་ཁྲིམས་ཀྱི་ནང་ལ་གྲངས་ཉུང་མི་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་རང་སྐྱོང་དང་མི་རིགས་ས་གནས་རང་སྐྱོང་གཉིས་ཀའི་ཐོབ་ཐང་ཞིབ་ཚགས་པོ་བྱས་ནས་སྤྲད་ཡོད་པ་རེད། ས་ཁུལ་མེད་པའི་གྲངས་ཉུང་མི་རིགས་ཡིན་ན་མི་རིགས་རང་སྐྱོང་གི་སྐད་ཆ་རེད། ས་ཁུལ་ཡོད་པའི་གྲངས་ཉུང་མི་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་དེ་སྤྲད་ཡོད་པ་རེད། ཐོབ་ཐང་དེའི་ཆ་རྐྱེན་གྱི་འོག་ནས་མིང་ཙམ་གྱི་རང་སྐྱོང་བོད་རིགས་མང་ཆེ་བ་ལ་སྤྲད་ཡོད་པ་རེད།
ཡིན་ན་ཡང་བོད་རིགས་དེ་དག་དུམ་བུ་བཅུ་གཅིག་གམ་དུམ་བུ་བཅུ་གཅིག་ལས་མང་བ་ཞིག་ཏུ་ཆ་བགོས་བྱས་ནས་རང་སྐྱོང་ལྗོངས་གཅིག་མ་གཏོགས་ཡོད་པ་མ་རེད། དེ་ནས་རང་སྐྱོང་ཁུལ་རང་སྐྱོང་རྫོང་རང་སྐྱོང་གྲོང་སྡེ་ལྟ་བུ་བྱས་ནས་བོད་རིགས་གཅིག་ཡིན་པ་དེ་དུམ་བུ་མང་པོ་ཞིག་ལ་བགོ་བཤའ་བརྒྱབ་ནས། གནའ་སྔ་མོའི་བཙན་རྒྱལ་རིང་ལུགས་པ་དེ་ཚོས་དུམ་བུར་བགོས་ནས་དབང་བསྒྱུར་བྱེད་ཟེར་བའི་གཏམ་དཔེ་ཞིག་དང་ཐབས་ལམ་ཞིག་ཡོད་པ་རེད། དེ་ད་རེས་དངོས་སུ་རྒྱ་མི་རང་གིས་ལག་བསྟར་བྱས་ནས་འགྲོ་གི་ཡོད་པ་རེད། དེ་འདྲ་ཡིན་པས་རྩ་ཁྲིམས་ཀྱི་ཆ་རྐྱེན་གྱི་ནང་གྲངས་ཉུང་མི་རིགས་ཡོངས་སུ་རྫོགས་པ་ལ་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་བསྐྲུན་རྒྱུའི་སྐད་ཆ་མ་གཏོགས། གྲངས་ཉུང་མི་རིགས་གཅིག་དུམ་བུ་མང་པོར་བགོས་ནས་རང་སྐྱོང་མང་པོ་སྤྲོད་པའི་ཆ་རྐྱེན་དེ་གང་དུའང་གསལ་གྱི་ཡོད་པ་མ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་དགོས་པ་དེ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་གནད་དོན་གཅིག་རེད། དོན་ཚན་བཅུ་གཅིག་ཡོད་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཟེར་བ་ཡིག་ཐོག་ལ་ཡོངས་གྲགས་རེད་ཚང་མས་གཟིགས་ཡོད་ཤག་རེད།
ཕྱི་ལོ་༢༠༠༨ ཕྱི་ཟླ ༡༠ པའི་ནང་འབྲེལ་མོལ་ཐེངས་བརྒྱད་པ་གནང་བའི་སྐབས་ང་ཚོས་ཡིག་ཐོག་ལ་སྤྲད་ཡོད་པ་རེད། འབྲེལ་མོལ་ཐེངས་བདུན་པའི་སྐབས་ཁོ་ཚོས་༸རྒྱལ་བ་རིན་པོ་ཆེས་རང་སྐྱོང་གསུངས་པ་དེ་གསལ་པོ་མི་འདུག་ཅེས་ཟེར་བར་བརྟེན། དེ་གསལ་བོ་བཟོ་ཆེད་ང་ཚོས་མི་རིགས་ས་གནས་རང་སྐྱོང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ནས་གང་འདྲ་བྱས་ནས་ལག་ལེན་བསྟར་བའི་རེ་འདོད་འདོན་གྱི་ཡོད་པ་དེ་ཞིབ་ཚགས་པོ་བྱས་ནས་དེའི་ནང་ལ་བྲིས་ཡོད་པ་རེད། དེ་ལ་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་གནས་ཚུལ་མང་པོ་ཞིག་དྲང་བདེན་མ་ཡིན་པའི་འཁྱོག་བཤད་བྱས་པས། འཁྱོག་བཤད་དེ་དག་གསལ་བོ་བྱེད་པར་འགྲེལ་བརྗོད་དོན་ཚན་བདུན་ཡོད་པ་ཞིག་ཕྱི་ལོ་༢༠༡༠ ཕྱི་ཟླ ༡ ནང་གི་འབྲེལ་མོལ་ཐེངས་དགུ་པའི་སྐབས་རྒྱ་ནག་མི་མང་སྤྱི་མཐུན་ཁབ་ལ་སྤྲད་ཡོད་པ་རེད། ཡིག་ཆ་དེ་ཡོངས་གྲགས་རེད།
དེ་འདྲ་ཡིན་པས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་སྙིང་དོན་ཞིབ་ཚགས་པོ་བྱས་ནས་ཤེས་ཡོན་དཔལ་འབྱོར་སྤྱི་ཚོགས་འཕྲོད་བསྟེན་བཅས་དོན་ཚན་རེ་རེ་དང་། ཆོས་ཕྱོགས་ལེགས་བྱང་ལ་སོགས་པའི་དོན་ཚན་རེ་རེའི་ཐོག་ནས་རང་སྐྱོང་གི་གནས་བབས་ང་ཚོས་དགོས་འདུན་བཏོན་ཡོད་པ་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་བསམ་འཆར་ཟེར་བའི་ཡིག་ཆ་དེ་དང་བསམ་འཆར་གྱི་ཐོག་ནས་འགྲེལ་བརྗོད་ཟེར་བའི་ཡིག་ཆ་དེ་གཉིས་ལ་གཟིགས་པ་ཡིན་ན་ཞིབ་ཚགས་པོ་མཁྱེན་པ་ཞིག་རེད། ཡིག་ཆ་དེ་གཉིས་ཀྱི་དོན་དག་རྡོག་རྡོག་དེ་ག་རེ་ཆགས་ཀྱི་ཡོད་པ་རེད་ཟེར་ན། རྩ་ཁྲིམས་ཀྱི་ནང་ལ་ཡོད་པའི་མི་རིགས་ས་གནས་རང་སྐྱོང་གི་ཆ་རྐྱེན་དང་ཁེ་དབང་ཡོངས་སུ་རྫོགས་པ་དེ་གཅིག་ཀྱང་མ་ལུས་པ་མིང་དོན་མཚུངས་པ་ཞིག་གི་ཐོག་ནས་བོད་རིགས་ལ་ལག་ལེན་བསྟར་དགོས་ཀྱི་འདུག་ཅེས་འཁོད་ཡོད་པ་རེད། བོད་རིགས་ཙམ་མ་ཡིན་པའི་གྲངས་ཉུང་མི་རིགས་གཞན་པ་ཚོ་ལ་ཡང་རྩ་ཁྲིམས་ནང་ཡོད་པ་དེ་དག་ལག་ལེན་བསྟར་ཡོད་པ་མ་རེད། ཡིན་ན་ཡང་ལག་ལེན་བསྟར་རྒྱུའི་ལས་རིམ་གྱི་ནང་ལ་མི་འདྲ་བ་སྣ་ཚོགས་ཡོད་པ་རེད། གྲངས་ཉུང་མི་རིགས་ཁ་ཤས་ལ་རང་སྐྱོང་ཡག་པོ་རག་པ་དང་ཁ་ཤས་ལ་རང་སྐྱོང་ཉུང་བ་རག་པ་སོགས་དེ་ཚོ་ཡང་ལག་ལེན་བསྟར་སྟངས་ས་གནས་སོ་སོའི་གནས་བབས་ཀྱི་དབང་གིས་འདྲ་མི་འདྲ་སྣ་ཚོགས་བྱུང་ཡོད་པ་རེད།
གང་ལྟར་རྩ་ཁྲིམས་དེ་གཞི་རིམ་གྱི་ཁྲིམས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་དེ་ཁྲིམས་ཀྱིས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་ལ་ངོས་ལེན་བྱེད་པའི་གཞི་རྩའི་ཁྲིམས་ལུགས་སམ་རྩ་ཁྲིམས་དེ་རེད། དེའི་ནང་ཡོད་པའི་ཆ་རྐྱེན་དེ་དག་སྔ་ཕྱི་མ་གཏོགས་ངེས་པར་དུ་ལག་ལེན་བསྟར་དགོས་པ་ཁྲིམས་ཀྱིས་དབང་བསྒྱུར་བྱས་པའི་རྒྱལ་ཁབ་ཅིག་གི་འདོར་དུ་མེད་པའི་ལས་འགན་ཞིག་ཆགས་ཀྱི་ཡོད་པ་ཡིན་པས་དེ་དགོས་ཀྱི་འདུག་ཟེར་ནས་ང་ཚོས་དགོས་འདུན་དེ་བཏོན་ཡོད་པ་རེད། དེ་འདྲ་ཡིན་པས་ང་རང་ཚོའི་ངོས་ནས་བལྟས་པ་ཡིན་ན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དེ་དངོས་སུ་ལག་ལེན་བསྟར་བ་ཡིན་ན་བསྟར་ཐུབ་པ་ཞིག་དང་བསྟར་འོས་པ་ཞིག་ཡིན་པ་ད་ལྟའི་རྩ་ཁྲིམས་ཀྱི་སྒྲོམ་གཞི་ཁོ་རང་གི་ཐོག་ནས་རྙེད་ཐུབ་པ་དེ་བསམ་འཆར་དང་འགྲེལ་བརྗོད་ཡིག་ཆ་དེ་གཉིས་པོ་ཞིབ་ཚགས་པོའི་ངང་གཟིགས་ཐུབ་པ་ཡིན་ན་གསལ་བོར་མཁྱེན་ཐུབ་པ་རེད་ཅེས་ཞུ་གི་ཡོད། ད་ལྟ་ངས་འདིར་འགྲེལ་བརྗོད་ཆ་ཚང་ཞུས་བསྡད་ན་དུས་ཚོད་འགོར་རོགས་རེད། དེ་ལ་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་དོན་ཚན་རེ་རེ་བཞིན་རྒྱུ་མཚན་ལྡན་པའི་ལན་ཐེབས་ཀྱི་ཡོད་པ་མ་རེད།
དེར་བརྟེན་རྒྱལ་སྤྱིའི་ནང་ལ་མི་ཚོ་མགོ་རྨོངས་སུ་འཇུག་ཆེད་འདིའི་ནང་ལ་ཁོང་ཚོས་སྤྱི་མ་སྤོམ་གྱི་སྐྱོན་བརྗོད་ཁ་ཤས་ཅིག་བྱེད་ཀྱི་ཡོད་པ་རེད། དེའི་ནང་རྒྱ་ནག་མི་མང་མགོ་སྐོར་ཆེད་བོད་ཆེན་པོ་དགོས་ཀྱི་ཡོད་ཟེར་གྱིན་འདུག །༸སྐྱབས་མགོན་རིན་པོ་ཆེས་སྐུ་ཚབ་རྣམ་པ་བརྒྱུད་ནས་བོད་ཆེན་པོ་དགོས་ཀྱི་ཡོད་གསུང་གིན་འདུག །བོད་ཆེན་པོ་ཟེར་བ་དེ་འདི་འདྲ་ཞིག་རེད་ཟེར་ནས་ས་ཁྲའི་ཐོག་ལ་ཐིག་དམར་པོ་ཞིག་འཐེན་ནས་ཕྱི་རྒྱལ་གྱི་མི་དེ་ཚོར། འདི་བོད་པས་ཁྱེར་བ་ཡིན་ན་རྒྱ་ནག་ལ་ག་ཚོད་ལྷག་གི་འདུག་ཟེར་བ་ལྟ་བུ་ཧོབ་སྟེ་བལྟས་ན་བཤད་སྟངས་རྫིག་པོ་འདྲ་ཞིག་ཡོད་པ་རེད། ཧ་ཅང་མ་འོས་པ་དང་མ་འཚམ་པ་ཞིག་གི་སྒོ་ནས་གང་ལྟར་ཆོལ་གསུམ་ཆིག་སྒྲིལ་ཟེར་བ་དེ་ང་ཚོའི་བསྒྲུབ་བྱའི་དམིགས་ཡུལ་གཙོ་བོ་ཡིན་པས་དེ་ཁོང་ཚོའི་སྙིང་ལ་ཞེད་པོ་ཞིག་ཕོག་གི་ཡོད་པ་རེད། དེའི་དབང་གིས་ཕྱི་རྒྱལ་གྱི་མགོ་ཁྲིད་མང་པོ་ལ་ཡང་རྒྱ་ནག་ནང་ལ་ཕྱིན་སྐབས་ས་ཁྲ་ཞིག་རྩིག་ངོས་སུ་བཀྲམ་ནས་ཏཱ་ལའི་བླ་མས་བོད་ཆེན་པོ་དགོས་ཀྱི་འདུག་ཟེར་གྱིན་ཡོད་པ་རེད། བོད་ཆེན་པོ་ཟེར་བ་ཤེས་ཀྱི་ཡོད་དམ་བོད་ཆེན་པོ་ཟེར་བ་དེ་འདི་དག་རེད་ཅེས་སྟོན་གྱི་ཡོད་པ་རེད། བོད་ཆོལ་ཁ་གསུམ་གྱི་ས་ཁྲ་དེ་རྒྱ་ནག་གི་ས་ཁྲའི་ནང་ནས་ཟུར་དུ་བཏོན་སྐབས་ཧ་ལམ་གསུམ་ཆའི་གཅིག་ལྷག་ཞིག་ཁྱབ་འགྲོ་གི་ཡོད་པ་རེད། དེར་བརྟེན་མི་ཚང་མས་འདི་འདྲ་ཆེན་པོ་ཤོར་འགྲོ་གི་ཡོད་ན་རྒྱ་ནག་ལ་ཁག་མི་འདུག་དྲན་གྱི་ཡོད་པ་རེད།
ང་ཚོས་བོད་ཆེན་པོ་དང་བོད་ཆུང་ཆུང་གི་སྐད་ཆ་བཤད་ཀྱི་ཡོད་པ་མ་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དུ་གྲངས་ཉུང་མི་རིགས་ཟེར་བ་དེ་སུ་རེད་ཟེར་ན་གྲངས་ཉུང་མི་རིགས་ལྔ་བཅུ་ང་བཞི་འདི་དང་འདི་རེད་ཟེར་ནས་ངོས་འཛིན་གསལ་བོ་ཡོད་པ་རེད། ང་ཚོ་བོད་པ་ཡང་གྲངས་ཉུང་མི་རིགས་ནང་གི་གཅིག་རེད། གྲངས་ཉུང་མི་རིགས་དེ་དག་ཕ་ཚ་བུ་རྒྱུད་ནས་སྡོད་སའི་ས་ཆ་དེ་ལ་ཁོང་ཚོས་ས་གནས་ཡིན་ལབ་ཀྱི་ཡོད་པ་རེད། མི་རིགས་ས་གནས་རང་སྐྱོང་ཟེར་བའི་ས་གནས་དེ་གང་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད་ཟེར་ན། གྲངས་ཉུང་མི་རིགས་དེ་ཚོ་ཕ་རྒྱུད་བུ་རྒྱུད་ནས་གནས་སྐབས་ཞིག་ལ་གཞིས་ཆགས་པ་མ་ཡིན་པར་གནའ་སྔ་མོ་བོད་ཀྱི་སྲིད་པ་ཆགས་པ་ནས་བཟུང་སྟེ་བོད་རིགས་སྡོད་ས་དེ་ལ་ཟེར་གྱི་ཡོད་པས། ད་ལྟ་བོད་རིགས་སྡོད་ས་ཆོལ་ཁ་གསུམ་གྱི་ས་ཁུལ་དེ་ང་ཚོས་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ནང་ལོགས་ནས་སྤོས་བཞག་ཡོད་པ་གཅིག་ཀྱང་ཡོད་པ་མ་རེད། བོད་སྲིད་པ་ཆགས་པ་ནས་བཟུང་བོད་ཆོལ་ཁ་གསུམ་གང་དུ་ཡོད་པ་དེ་ད་དུང་ཡང་དེ་ལ་བསྡད་ཡོད་པ་རེད། འབྲོག་པ་ཡིན་ན་འབྲོག་པ་བྱས་ནས་བསྡད་ཡོད་པ་རེད། ཞིང་པ་ཡིན་ན་ཞིང་པ་བྱས་ནས་བསྡད་ཡོད་པ་རེད། དེ་མ་གཏོགས་ང་ཚོས་ས་ཆ་གསར་པ་ཞིག་དགོས་ཀྱི་ཡོད་ཟེར་གྱི་ཡོད་པ་མ་རེད།
དེར་བརྟེན་བོད་ཟེར་བ་དེ་བོད་རང་རེད་མ་གཏོགས་བོད་ཆེན་པོ་ཟེར་བ་ཞིག་དང་བོད་ཆུང་ཆུང་ཟེར་བ་ཞིག་བཤད་རྒྱུ་གང་ཡང་ཡོད་པ་མ་རེད། བོད་ཆེན་པོ་དང་བོད་ཆུང་ཆུང་ཟེར་བ་དེ་རྒྱ་གར་གྱི་སྐད་དུ་ཡོད་པ་རེད། རྒྱ་གར་ནས་ཕར་བོད་ལབ་པའི་སྐབས་བོད་ཟེར་བ་དེ་རྒྱ་གར་གྱི་ས་མཚམས་ན་ཡོད་པ་ཞིག་དང་བོད་ཆེན་པོ་ཟེར་བ་དེ་རྒྱ་གར་ནས་ཐག་རིང་པོ་ཞིག་ལ་ལབ་ཀྱི་ཡོད་པ་རེད། རྒྱ་ནག་ནང་ལ་བོད་ཆེན་པོ་ཟེར་བའི་སྐད་ཆ་དེ་གསར་དུ་བཟོས་པ་རེད། རྒྱ་ནག་གི་ནང་ལ་འདས་པའི་ལོ་བརྒྱ་ཕྲག་ཁ་ཤས་ནང་བོད་ཕྱི་ནང་གི་སྐད་ཆ་ཡོད་པ་རེད། བོད་ཕྱི་མ་ཟེར་བ་ཞིག་དང་། བོད་ནང་མ་ཟེར་བ་ཞིག །སོག་པོ་ལ་ཡང་ཕྱི་ནང་གི་དབྱེ་བ་བྱས་པ་ནང་བཞིན་རྒྱ་སྡེའི་འོག་ཡོད་པའི་བོད་པ་དེ་ཚོ་ལ་བོད་ནང་མར་རྩི་བཞིན་ཡོད་པ་རེད། དགའ་ལྡན་ཕོ་བྲང་གི་འོག་ལ་ཡོད་པ་དེ་ཚོ་ལ་བོད་ཕྱི་མ་ཟེར་གྱིན་ཡོད་པ་རེད། བོད་ཕྱི་ནང་གི་སྐད་ཆ་དེ་(Macmohan Lines)སྐབས་ལ་ཡང་ཡོད་བསྡད་པ་ཞིག་རེད།
དེར་བརྟེན་དེ་ཡོངས་གྲགས་རེད་མ་གཏོགས་བོད་ཆེ་ཆུང་གི་སྐད་ཆ་ཡོད་པ་མ་རེད། དེ་བས་ན་བོད་ཆེན་པོའི་སྐོར་ལ་ཞིབ་ཚགས་པོ་བྱས་ནས་གསར་འགོད་པར་དྲི་བ་དྲིས་ལན་བྱས་པ་དང་། ལྡི་ལི་ལ་(Round Table Conference)བྱས་པའི་ཡིག་ཆ་དེ་དག་གི་ནང་གསལ་བོ་བྱས་ནས་ཡོད་པ་རེད། དེ་ཚོའི་ནང་གཟིགས་པ་ཡིན་ན་བོད་ཆེན་པོ་ཟེར་བའི་སྐད་ཆ་དེ་མི་དཀྲོག་པའི་སྐད་ཆ་རེད་མ་གཏོགས་དེ་མ་འོས་པ་དང་མ་འཚམ་པ་ཞིག་རེད། རྩ་ཁྲིམས་ཀྱི་ཚིག་བརྗོད་དང་མཐུན་པ་ཡིན་ན་དེ་མ་འོས་པ་དང་མ་འཚམ་པ་རྩ་བ་ཉིད་ནས་མེད་པ་ཞིག་རེད། དེ་ནས་ཁོང་ཚོས་གཞན་པ་ག་རེ་ལབ་པ་རེད་ཟེར་ན། ཚད་མཐོའི་རང་སྐྱོང་དགོས་ཀྱི་ཡོད་ཟེར་གྱིན་འདུག་ཅེས་ལབ་པ་རེད། ང་ཚོའི་ཡིག་ཆ་གང་དུའང་ཚད་མཐོའི་རང་སྐྱོང་ཟེར་བ་ཞིག་ཡོད་པ་མ་རེད། རྒྱ་ནག་གི་རྩ་ཁྲིམས་ནང་ལོགས་ལ་མི་རིགས་ས་གནས་རང་སྐྱོང་གི་ཐོབ་ཐང་འདི་དང་འདི་ཡོད་ཟེར་བ་མ་གཏོགས་ཚད་མཐོ་བ་འདི་ཡིན་ཚད་དམའ་བ་འདི་ཡིན་ཟེར་བ་ཞིག་ཡོད་པ་མ་རེད། ང་ཚོ་བོད་པས་རྩ་ཁྲིམས་ནང་ལ་ཡོད་པའི་གནས་བབས་དེ་རྩོད་ཀྱི་ཡོད་པ་རེད་མ་གཏོགས་དེ་ལས་ལྷག་པའི་གནས་ཚུལ་གཞན་པ་ཞིག་རྩ་བ་ཉིད་ནས་རྩོད་ཀྱི་ཡོད་པ་མ་རེད། བོད་ཆེན་པོ་དགོས་ཀྱི་ཡོད་ལབ་ཀྱིན་འདུག་ཟེར་བ་དང་ཚད་མཐོའི་རང་སྐྱོང་ཟེར་བ་དེར་རྩ་ཁྲིམས་ཀྱི་ནང་ལ་ཡང་ཆ་རྐྱེན་ཡོད་པ་མ་རེད། ཧོང་ཀང་ལ་ཡང་ཚད་མཐོའི་རང་སྐྱོང་རག་ཡོད་པ་མ་རེད་ཟེར་ནས་ལབ་སྡོད་ཀྱི་ཡོད་པ་རེད། དེ་ཚོ་འབྲེལ་མེད་དོན་གཞན་སེའུ་བཅུ་པའི་ངག་ཤ་སྟག་རེད་མ་གཏོགས་དོན་དག་ལ་རྒྱུ་མཚན་ཡོད་པ་ཞིག་རྩ་བ་ཉིད་ནས་མེད་པ་དེ་ཧ་ཅང་གསལ་པོ་རེད། དེ་དག་ངས་མདོར་དྲིལ་ནས་ཁྱེད་རང་ཚོ་ཐུགས་དྲན་སོས་པའི་ཆེད་དུ་ཞུས་པ་ཡིན།
སྤྱིར་བཏང་དབུ་མའི་ལམ་གྱི་སྲིད་ཇུས་དེ་ཡིག་ཐོག་ལ་རིགས་པའི་གཞུང་ལུགས་ཕྲ་ཞིང་ཕྲ་བ་བྱས་ནས་ཡོད་བསྡད་པ་ཞིག་རེད། ཕལ་ཆེར་ཕྱི་ལོ་ཉིས་སྟོང་བཅུའི་ལོ་ལ་ཕྱི་དྲིལ་ལས་ཁུངས་ཀྱི་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ངོ་སྤྲོད་རྒྱལ་སྤྱིའི་ཡིག་ཆ་ཁག་ཕྱོགས་བསྒྲིགས་ཟེར་བའི་དེབ་ཅིག་ཡོད་པ་རེད། དེབ་དེ་བོད་ཡིག་དང་དབྱིན་ཡིག་ནང་ལ་ཡོད་པ་རེད། ཆ་ཚང་བ་རྒྱ་ཡིག་ནང་ལ་ཕལ་ཆེར་ཡོད་མདོག་ཁ་པོ་མ་རེད་དེ་ནང་གི་ཆ་ཤས་ཁ་ཤས་རྒྱ་ཡིག་ནང་ལའང་ཡོད་པ་རེད། དཔེར་ན་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་དང་། དེའི་འགྲེལ་བརྗོད་སོགས་དེ་རིགས་ཚང་མ་རྒྱ་ཡིག་ནང་ལའང་ཡོད་པ་རེད། གསར་འགོད་པའི་དྲི་བ་དྲིས་ལན་མང་ཆེ་བ་ཞིག་རྒྱ་ཡིག་ནང་ལ་ཡོད་པ་རེད།
དེར་བརྟེན་དེ་དག་གང་ལ་གཟིགས་འདོད་ཡོད་པ་ཡིན་ན་ཡང་སྔ་ཕྱི་བར་གསུམ་གྱི་བྱུང་རིམ་དང་དངོས་ཡོད་ཀྱི་གནས་ཚུལ་ཕྲ་ཞིང་ཕྲ་བ་དེའི་ནང་ལ་བཀོད་ཡོད་པ་རེད། དེབ་དེའི་སྔོན་གླེང་གི་ནང་སྐབས་དེ་དུས་ཀྱི་བཀའ་བཤག་དང་ཕྱི་དྲིལ་་ལས་ཁུངས་ཀྱིས་གང་བྲིས་ཡོད་པ་རེད་ཟེར་ན། ང་ཚོས་ད་ལྟ་འཛིན་སྐྱོང་བྱེད་བཞིན་པའི་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་བྱུང་རིམ་འདི་འདྲ་ཞིག་ཡིན། འདི་ལ་བརྟེན་ནས་སྲིད་ཇུས་ལ་རྒྱབ་སྐྱོར་དང་དགག་བྱ་གནང་མཁན་སུ་ཡིན་ན་ཡང་མུན་ནག་མདའ་འཕེན་ལྟ་བུ་མ་ཡིན་པར་དངོས་དོན་རྟོགས་པའི་སྒོ་ནས་རྒྱབ་སྐྱོར་རམ་དགག་བྱ་གནང་ཐུབ་པའི་རེ་བ་ཡོད་ཅེས་བྲིས་ཡོད་པ་རེད། དབུ་མའི་ལམ་ལ་དགག་བྱ་གནང་མཁན་ཞིག་ཡིན་ཡང་དབུ་མའི་ལམ་གྱི་སྲིད་ཇུས་ནང་མེད་པ་ཞིག་ཡོད་པ་རེད་ཟེར་བ་དང་། མ་བྱས་པ་ཞིག་བྱས་པ་རེད་གསུངས་ནས་དགག་པ་བརྒྱབ་ན་དགོས་པ་ཡོད་པ་མ་རེད། སྔོན་ལ་དབུ་མའི་ལམ་གྱི་སྲིད་ཇུས་དེ་གང་འདྲ་བྱས་ནས་བྱུང་འདུག །གང་འདྲ་བྱས་ནས་ཐག་བཅད་འདུག །གང་འདྲ་བྱས་ནས་ད་ལྟའི་གནས་བབས་ལ་སླེབས་འདུག །ལྷག་པར་དུ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆའི་ནང་ལ་ཡང་མ་འོས་པ་དང་མ་འཚམ་པ་ག་རེ་འདུག །དེ་དག་གཟིགས་ནས་དགག་བྱ་དང་དགག་བྱ་གནང་བ་ཙམ་དུ་མ་ཟད། དེ་ལས་ལོགས་སུ་དེ་ལས་ལྷག་པའི་སྲིད་ཇུས་འདི་འདྲ་ཞིག་དང་ཐབས་ལམ་འདི་འདྲ་ཞིག་ཡོད་པ་རེད་གསུངས་པ་ཡིན་ན་དེ་ཚད་ལྡན་གྱི་མིང་གཙོའི་ལས་འགན་འགྲུབ་པའི་ཆ་ཤས་སུ་གྱུར་པའི་དགག་པ་ཞིག་ཆགས་འགྲོ་གི་ཡོད་པ་རེད་མ་གཏོགས། གཞན་དགའ་མོས་དགའ་ཕྱོགས་ཀྱི་སྐད་ཆ་བཤད་བསྡད་པ་ཡིན་ན་དེ་ནི་མི་རིགས་དང་རྒྱལ་ཁབ་ཀྱི་དོན་དག་ལ་དེ་ཙམ་གྱིས་ཕན་ཐོགས་མེད་པ་ཞིག་རེད།
རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ན་ཡང་རྒྱབ་སྐྱོར་བྱ་དགོས་པའི་རྒྱུ་མཚན་ག་རེ་རེད་འདུག འདིའི་ནང་ལ་འོས་ཤིང་འཚམ་པ་ག་རེ་འདུག །ལྷག་པར་ཡང་ཐག་གཅོད་བྱས་པའི་བྱུང་རིམ་དེ་དག་གང་འདྲ་བྱས་ནས་ཆགས་འདུག །༸རྒྱལ་བ་རིན་པོ་ཆེ་མི་གཅིག་གིས་ཐག་གཅོད་བྱས་པ་རེད་འདུག་གམ། དེ་ཚོ་ཞིབ་ཚགས་པོ་དང་། ལྷག་པར་ཡང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ལ་ང་ཚོ་བོད་པའི་མངོན་འདོད་བསྒྲུབ་པའི་ཐབས་ཤེས་བྱས་པ་ཡིན་ན་དེའི་ནང་ལ་མ་འདངས་པ་ག་ཚོད་འདུག །དེ་ལས་ལྷག་པ་ཞིག་ཐབས་ཤེས་བྱས་པ་ཡིན་ན་ཐབས་ཤེས་བྱ་ཐུབ་ཀྱི་འདུག་གམ། ལོ་བརྒྱ་ཕྲག་མང་པོའི་རྗེས་ཀྱི་སྐད་ཆ་གང་ཡང་བཤད་ཀྱི་མེད། ད་ལྟའི་འཇིག་རྟེན་འདིའི་རྒྱལ་སྤྱིའི་གནས་བབས་དང་། རྒྱ་ནག་གི་གནས་བབས། བོད་ནང་གི་གནས་བབས་བཅས་ད་ལྟའི་གནས་བབས་ཆ་ཚང་བའི་གནས་ཚུལ་གཞི་ལ་བཞག་པའི་ཐོག་ནས་འདི་ལས་ལྷག་པ་ཞིག་ག་རེ་བྱ་རྒྱུ་འདུག་ཅེས་དགག་བྱ་གནང་མཁན་ཡིན་ནའང་འདྲ་རྒྱབ་སྐྱོར་གནང་མཁན་ཡིན་ནའང་འདྲ། གནས་ཚུལ་ཆ་ཚང་བ་དགོངས་པ་ཡག་པོ་བཞེས་ནས་རྟོགས་པའི་ཐོག་ནས་དགག་བྱ་དང་རྒྱབ་སྐྱོར་ག་རེ་ཡིན་ན་ཡང་གནང་དགོས་པ་དེ་གལ་ཆེན་པོ་རེད།
མང་གཙོའི་སྤྱི་ཚོགས་ཀྱི་ནང་ལ་མི་སུ་དང་སུ་ཡིན་ན་ཡང་རང་རང་སོ་སོའི་ཆབ་སྲིད་ཀྱི་ལྟ་གྲུབ་འཁྱེར་བ་དང་། ལྟ་གྲུབ་དེ་དྲིལ་སྒྲོག་བྱེད་པ་དང་།  དེའི་ཐོག་ལ་ཕྱོགས་གང་ས་ནས་རྒྱབ་སྐྱོར་བཙལ་བ་དེ་དག་མི་མང་གི་གཞི་རིམ་གྱི་ཐོབ་ཐང་ཞིག་རེད། དེ་སུས་ཀྱང་འགོག་ཐུབ་ཀྱི་ཡོད་པ་མ་རེད། ཡིན་ན་ཡང་དེ་དག་ཚང་མ་བློ་གཟུ་བོར་གནས་པ་ཞིག་ཐོག་ནས་དགོས་པ་རེད། འདི་ངའི་རེད་དེ་འདྲ་ཡིན་པས་ཡག་གི་རེད། དེ་ཁོའི་རེད་དེ་འདྲ་ཡིན་པས་སྡུག་ཅག་རེད་ཟེར་བ་ཨ་ཕའི་ཁ་ཕོར་གཙང་ཞེན་ལྟ་བུའི་ཐོག་ལ་སོང་ན་བྱ་བ་ཡོད་པ་མ་རེད། མང་གཙོའི་ཁེ་ཕན་དང་མང་གཙོའི་ལས་འགན་གཉིས་ཀ་ཡག་པོ་བྱས་ནས་འགྲུབ་ཐུབ་པ་ཞིག་དང་།  མང་གཙོའི་སྤྱི་ཚོགས་ཀྱི་ནང་ལ་མང་གཙོའི་སྤྱི་ཚོགས་ཤིག་གི་ཆ་ཤས་ཡིན་པའི་མང་གཙོའི་ལམ་སྲོལ་ཡོད་མཁན་རྒྱལ་ཁབ་ཅིག་གི་ཡུལ་མི་ཡིན་པའི་མཚན་ཉིད་ཚང་བ་ཞིག་ག་དུས་ཡོང་གི་རེད་ཟེར་ན། འདྲ་མཉམ་དྲང་བདེན་གཉིས་ཀ་ལ་ལྕི་ཡང་མ་ཤོར་བར་ གཅིག་གྱུར་བྱེད་པ་དེ་མ་བྱུང་བ་ཡིན་ན་མང་གཙོའི་ལེགས་བྱང་གི་མཚན་ཉིད་ཡོངས་སུ་རྫོགས་ཞིག་ཚང་ཐུབ་ཀྱི་ཡོད་པ་མ་རེད།
དེ་འདྲ་ཡིན་པས་ཕྱོགས་གང་ཐད་ནས་དགོངས་ཚུལ་དང་ལྟ་གྲུབ་ལ་རིགས་ལམ་ནས་ཞིབ་འཇུག་བྱེད་པ་དང་། ལྟ་གྲུབ་གཞན་པ་དེ་ལ་ཡང་མི་གཅིག་གཉིས་ཤིག་མ་གཏོགས་དེ་ལ་མོས་མཐུན་རྒྱབ་སྐྱོར་བྱེད་མཁན་མེད་པ་ཡིན་ན་ཡང་། ལྟ་གྲུབ་ཅིག་ཡིན་པའི་ཆ་ནས་དང་གང་ཟག་རེ་ཟུང་གི་བསམ་ཚུལ་ཞིག་ཡིན་པའི་ཆ་ནས་དེ་ལ་ངེས་པར་དུ་ལྗིད་ཁོག་ཅིག་དང་དོ་སྣང་ཞིག་སྤྲད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཡིན་ན་ཡང་དེའི་སྐབས་ལའང་ངེས་པར་དུ་རིགས་པའི་རྗེས་སུ་འབྲང་བའི་རྒྱུ་མཚན་ཅན་གྱི་རྒྱབ་སྐྱོར་བྱེད་པ་མ་གཏོགས། འུར་ཤོབ་བཤད་པ་དང་གཞི་རྩ་མེད་པའི་གནས་ཚུལ་གྱི་ཐོག་ནས་མི་མང་གི་བསམ་བློ་བསྒྱུར་བའམ་ཡང་མིན་ན་དཀྲོག་གཏམ་སློང་བ་སོགས་ཀྱི་ཐབས་ཚུལ་བྱས་པ་ཡིན་ན་མང་གཙོའི་ལེགས་བྱང་དང་ལྡན་པའི་གནང་སྟངས་ཤིག་ཆགས་ཀྱི་ཡོད་པ་མ་རེད། ད་ངས་བཤད་མཚམས་འཇོག་གི་ཡིན། མི་མང་ཚང་མས་མཁྱེན་བཞིན་པ་ཞིག་མ་གཏོགས་ངས་གསར་པ་ཞིག་ཞུ་རྒྱུ་ཡོད་པ་མ་རེད། ངས་ག་རེ་ཞུས་པ་ཡིན་ཟེར་ན་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་དེ་ང་ཚོས་མང་གཙོའི་ལམ་ནས་ཐག་གཅོད་བྱས་ཡོད་པ་དེ་ག་དུས་ཡིན་ནའང་བརྗེད་རྒྱུ་ཡོད་པ་མ་རེད། གཞིས་བྱས་བོད་མི་ཡོངས་རྫོགས་ཀྱི་ཆ་ཤས་བླངས་ནས་ཞིབ་ཚགས་པོའི་ཐོག་ནས་ཐག་གཅོད་བྱས་པ་དེ་གཞི་རྩ་ར་འཇོག་དགོས་ཀྱི་ཡོད་པ་རེད།
གཞི་རྩ་གཉིས་པ་དེ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐ་མའི་འབབ་ས་དེ་གང་ལ་བབས་ཡོད་པ་རེད་ཟེར་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟ་ལག་ལེན་ལ་བསྟར་བཞིན་པའི་རྩ་ཁྲིམས་ཀྱི་ནང་ལ་ཡོད་པའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་མི་རིགས་ས་གནས་རང་སྐྱོང་གི་གནས་བབས་ཡོངས་སུ་རྫོགས་པ་དེ་ཚིག་དང་དོན་མཐུན་པ་ཞིག་ལག་ལེན་ལ་བསྟར་དགོས་ཀྱི་འདུག་ཟེར་ནས་ཐ་མའི་འབབ་ས་དེ་དེའི་སྟེང་ལ་བབས་ཡོད་པ་རེད། ང་ཚོའི་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གྱི་ཡིག་ཆ་དེ་རྒྱལ་སྤྱིའི་ནང་ལ་ཡོངས་གྲགས་ཆགས་པའི་རྗེས་ལ་ཡང་དངོས་དོན་གྱི་ཐོག་ནས་རྒྱ་ནག་གིས་ལན་ཚད་དང་ལྡན་པ་ཞིག་རྒྱག་ཐུབ་ཡོད་པ་མ་རེད། བརྒྱབ་རྒྱུའི་ལན་ཡོད་པ་མ་རེད། ཡང་མིན་ན་རྩ་ཁྲིམས་ཁས་ལེན་གྱི་མིན་ཟེར་དགོས་པ་ཆགས་ཀྱི་རེད། ཡང་མིན་ན་རྩ་ཁྲིམས་ནང་ཡོད་པ་དེ་ཁོང་ཚོས་ལབ་པ་ནང་བཞིན་ཡོད་པ་རེད་ཅེས་ལབ་དགོས་པ་ཆགས་ཀྱི་རེད་མ་གཏོགས་རྩ་ཁྲིམས་སྦ་རྒྱུ་ནི་གང་ཡང་ཡོད་པ་མ་རེད།
དེ་རྗེས་རིང་པོ་མ་སོང་བའི་ནང་རྒྱ་ནག་གི་ཤེས་ཡོན་ཅན་དང་ཉམས་ཞིབ་པའི་ཁོངས་ནས་ད་ལྟའི་རྩ་ཁྲིམས་ཀྱི་ནང་ལ་གྲངས་ཉུང་མི་རིགས་ལ་སྤྲད་པའི་མི་རིགས་ས་གནས་རང་སྐྱོང་གིས་མཚོན་པའི་ཁེ་ཕན་དེ་དག་མེད་པ་བཟོ་དགོས་པ་རེད་ཟེར་ནས་རྩོམ་ཡིག་མང་པོ་ཁྱབ་བསྡད་ཡོད་པ་རེད། གཅིག་བྱས་ན་གཞུང་རང་ངོས་ནས་ཀྱང་དེ་འདྲའི་བསམ་ཚུལ་ཡོད་མི་སྲིད་པ་མ་རེད། ག་ལེ་ག་ལེར་རྒྱལ་སྤྱིའི་ནང་ལ་ཁྲིམས་མཐུན་གྱི་ལམ་ཁར་འགྲོ་བའི་འབད་བརྩོན་ཞིག་རྒྱ་ནག་ནང་ལ་བྱེད་དགོས་པ་བྱུང་ན། གྲངས་ཉུང་མི་རིགས་ལ་ཁེ་ཕན་དེ་དག་སྤྲད་ཀྱི་མིན་ཞེས་ལབ་ཐུབ་རྒྱུ་ཧ་ཅང་ཁག་པོ་རེད། དངོས་གནས་ཁྲིམས་ཁང་ཞིག་གི་ནང་ལ་ཁྲིམས་རང་གི་ཐོག་ནས་བརྡར་ཤ་གཅོད་པའི་གོ་སྐབས་ཤིག་བྱུང་བ་ཡིན་ན་ལན་རྒྱག་ཐུབ་ཀྱི་མ་རེད། དེ་འདྲ་ཡིན་པས་རྩ་ཁྲིམས་འགྱུར་བ་གཏོང་བ་དང་རྩ་ཁྲིམས་ཀྱི་ནང་གི་ཁེ་ཕན་དག་མེད་པ་བཟོ་རྒྱུའི་བསམ་བློ་འཁོར་མཁན་འགོ་ཁྲིད་ནང་ལའང་མང་པོ་ཡོད་པ་རེད་བསམ་གྱི་འདུག །གལ་སྲིད་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ད་ལྟའི་རྩ་ཁྲིམས་འདི་འགྱུར་བ་འདྲ་ཕྱིན་ཏེ། རྩ་ཁྲིམས་ཀྱི་སྒྲོམ་གཞི་དེ་མེད་པ་ཆགས་པ་ཡིན་ན། ང་ཚོས་གཉིས་སྨན་དབུ་མའི་ལམ་གྱི་སྲིད་ཇུས་ཟེར་བ་དེ་གཞི་ནས་གཞི་རྩ་གསར་པ་ཞིག་གི་ཐོག་ནས་བསམ་བློ་གཏང་དགོས་པ་ཞིག་མ་གཏོགས་ད་ལྟ་ང་ཚོས་འབད་བརྩོན་བྱེད་བཞིན་པའི་སྒྲོམ་གཞི་དེ་ཞིག་འགྲོ་གི་རེད། སྒྲོམ་གཞི་དེ་ག་དུས་ཡིན་ནའང་རྩ་ཁྲིམས་ཀྱི་ཐོག་ལ་བསྙེས་བརྒྱབ་ནས་བཞག་ཡོད་པས། ཇི་སྲིད་བར་ད་ལྟའི་རྩ་ཁྲིམས་གནས་པ་ཡིན་ན་དེ་སྲིད་བར་ང་ཚོའི་རྩོད་ལེན་དེ་ཁྲིམས་མཐུན་ཆགས་ཀྱི་ཡོད་པ་རེད།
རྩ་ཁྲིམས་མེད་པ་ཆགས་པ་ཡིན་ན་ཉིན་མོ་དེར་རྩ་ཁྲིམས་མེད་པ་བྱས་ནས་སྡོད་ཐུབ་ཀྱི་མེད་པས་རྩ་ཁྲིམས་ནང་འགྱུར་བ་ཕྱིན་ནས་གྲངས་ཉུང་མི་རིགས་ཀྱི་གནས་བབས་དེ་གཞན་ཞིག་ལ་ཕྱིན་པ་ཡིན་ན། བོད་པ་རྐྱང་རྐྱང་མ་རེད་གྲངས་ཉུང་མི་རིགས་ལྔ་བཅུ་ང་བཞི་ཡོད་པ་རེད། མི་འབོར་གྱི་ཆ་ནས་བཤད་ན་ཧ་ཅང་ཁྱབ་ཆེན་པོ་ཞིག་ཡོད་པ་མ་རེད་དེ་ཆོས་ལུགས་དང་རིགས་ཀྱི་ཆ་ནས་རྒྱལ་སྤྱིའི་ནང་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་པའི་གྲངས་ཉུང་མི་རིགས་ཁ་ཤས་ཤིག་ཡོད་པ་རེད། དེ་ཚོ་ཚང་མ་ལ་ད་ལྟའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་ཆེ་ཆུང་ལ་མ་ལྟོས་པའི་ཕྲན་བུ་ཕྲན་བུའི་ཁེ་ཕན་ཞིག་རག་བསྡད་ཡོད་པ་རེད། དེར་བརྟེན་དེ་ཚོ་ཚང་མ་མེད་པ་ཆགས་པ་ཡིན་ན། བརྟག་པ་མཐའ་བཟུང་གི་ཚོད་དཔག་བྱས་པ་འདྲ་བོ་ཞིག་རེད་དེ། མ་འོངས་པར་སྐབས་དེ་དང་དུས་དེ་ལ་གནས་བབས་གསར་པ་ཞིག་ཡོང་རྒྱུ་ཡིན་པ་དེ་བཤད་མི་དགོས་པ་རེད།
ཡིན་ན་ཡང་དེའི་གནས་སྟངས་དེ་མགྱོགས་པོར་ཡོང་ཐུབ་པ་ཧ་ཅང་ཁག་པོ་རེད། བསམ་བློའི་ནང་ལ་ཡོད་པ་ཡིན་ནའང་ཧ་ཅང་ཁག་པོ་རེད། དེ་འདྲ་ཞིག་ཡིན་པས་གཅིག་བྱས་ན་གནས་སྟངས་དེའི་ཐོག་ནས་ཁྱོན་ཡོངས་ནས་རྒྱ་ནག་གི་སྒྲོམ་གཞིའི་ཐོག་ལ་འགྱུར་བ་འགྲོ་བའི་མཐུན་རྐྱེན་ཞིག་ཆགས་མི་སྲིད་པ་མ་རེད། ག་རེ་ཡིན་ནའང་དགག་ཕྱོགས་དང་སྒྲུབ་ཕྱོགས་གཉིས་ཀར་ལྟ་རྒྱུ་ཡོད་པས་དེ་ལ་ངས་ཧ་ཅང་ཧ་ལས་པའི་ཞེད་སྣང་བྱེད་དགོས་པ་ཞིག་ཡོད་པ་མ་རེད་བསམ་གྱི་འདུག །འདི་ནས་མཚམས་འཇོག་གི་ཡིན་དྲི་བ་གནང་རོགས་གནང་།
དྲི་བ་མཐའ་མའི་བཀའ་ལན།
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ ༡༩༠༤ ལོར་དབྱིན་ཇུས་བོད་ལ་དམག་གི་བཙན་འཛུལ་བྱས་པ་ཡིན་པས་སོག་ཡུལ་ལ་བཙན་བྱོལ་གྱི་བཟོ་འདྲ་བོར་ཕེབས་པ་རེད། དེ་ནས་རྒྱ་ནག་མན་ཇུ་གོང་མ་སོགས་ལ་དམིགས་བསལ་གྱིས་མཇལ་འཕྲད་གནང་། དེ་ནས་ཡར་ཕེབས། ཡར་ཕེབས་པའི་རྗེས་སུ་རྒྱ་ནག་དབུས་གཞུང་གི་སྟངས་འཛིན་གྱི་འོག་ལ་ཡག་པོ་ཞིག་མེད་པའི་ས་མཚམས་ཀྱི་མཐའ་དམག་དེ་འདྲའི་ནང་ནས། ཡུན་ནན་དང་ཀན་སུའུ་སི་ཁྲོན་དེ་དག་གི་ནང་ལ་ཡོད་པའི་རྒྱ་མིའི་དམག་མི་ཚོ་བོད་ལ་ཡོང་ནས་༸རྒྱལ་བ་རིན་པོ་ཆེ་ཁྲི་ནས་ཕབ་རྒྱུ་དང་དེ་འདྲའི་གནས་ཚུལ་མང་པོ་བྱུང་ནས་ ༡༩༡༠ ལོར་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་དགོས་བྱུང་བ་རེད།
            སྐབས་དེར་བོད་པ་རང་གིས་དམག་འཐབ་བྱས་ནས་རྒྱ་དམག་དེ་དག་ལྟག་ཆུ་ཆད་པའི་རྫིང་བུ་བཞིན་དུ་གྱུར་པ་དང་། རྒྱ་ནག་རང་གི་ནང་ལ་མན་ཇུ་གོང་མའི་དབང་ཚད་རྫོགས་ནས་རྒྱ་ནག་མི་སེར་རྒྱལ་ཁབ་ཆགས་ནས་དེ་འདྲའི་དབང་གིས་རྒྱ་དམག་དེ་དག་མཐར་སྐྲོད་བཏང་བའི་གོ་སྐབས་བྱུང་བ་རེད། ༡༩༡༣ ལོར་༸སྐྱབས་མགོན་རིན་པོ་ཆེ་བོད་ལ་ཕྱིར་ཞབས་སོར་འཁོད་པ་རེད། བོད་ལ་ཞབས་སོར་འཁོད་པའི་རྗེས་སུ་ཆུ་གླང་རྩ་ཚིག་ཆེན་མོ་ཟེར་བ་དེ་བཀྲམ་གནང་བ་ཡོད་པ་རེད། ཆུ་གླང་རྩ་ཚིག་ཆེན་མོ་གསུངས་པ་དེར་བོད་རང་བཙན་གྱི་གསལ་བསྒྲགས་ཞེས་མི་དེ་ཚོས་ལབ་སྡོད་ཀྱི་འདུག  །ངས་ནི་དེ་བདེ་པོ་འདྲ་ཞིག་མཐོང་གི་མི་འདུག །
ཡིན་ནའང་སྐུ་ངོ་ཞྭ་སྒབ་པའི་བོད་ཀྱི་སྲིད་དོན་རྒྱལ་རབས་ཟེར་བ་དེའི་ནང་ལ་ཡིག་ཆ་དེ་བཀོད་པའི་སྐབས་ལ་༸གོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་རང་བཙན་གསལ་བསྒྲགས་བསྐྱངས་པའི་ཡིག་ཆ་ཞེས་བཀོད་གནང་འདུག །དེ་མ་གཞི་ཀ་ལོན་སྦུག་ནས་སྐུ་ངོ་ཞྭ་སྒབ་པ་སོགས་ཁོ་རང་ཚོས་སྐབས་དེ་དུས་སྐུ་ཚབ་ཚོགས་ཆུང་གི་ངོས་ནས་མཉམ་སྦྲེལ་རྒྱལ་ཚོགས་ལ་ཕུལ་བའི་སྙན་ཞུ་ཞིག་ཡོད་པ་རེད། དེའི་ནང་ནའང་ཡིག་ཆ་དེ་རང་བཙན་གསལ་བསྒྲགས་ཀྱི་ཡིག་ཆ་ཡིན་ཟེར་ནས་བོད་རང་བཙན་ཡིན་པའི་སྒྲུབ་བྱེད་དུ་དེ་འདྲ་ཞིག་བཀོད་ཡོད་པ་རེད། དེ་འདྲའི་དབང་གིས་ མི་མང་པོ་ཞིག་གི་བསམ་བློའི་ནང་ལ་ཕྱི་ལོ་༡༩༡༣ བར་དུ་བོད་རང་བཙན་མིན་པའི་བསམ་བློ་ཞིག་འཁོར་སྡོད་ཀྱིན་འདུག །
ཁ་སང་དགོངས་པ་རྫོགས་པ་མར་གྷ་རེཊ་ཐེ་ཆར་(Margaret Thatcher) ཟེར་བ་དེས་བྲིས་པའི་ཕྱག་དེབ་དེའི་ནང་ཕྱི་ལོ་༡༩༡༣ ནས ༡༩༥༡ བར་དུ་བོད་དེ་རང་བཙན་གཙང་མ་རེད་ཅེས་བྲིས་ཡོད་པ་རེད། (de facto independence) སྙན་ཐོའི་ནང་ལའང་༡༩༡༣ ནས་ ༡༩༥༡་བར་དུ་དངོས་དོན་དང་ཁྲིམས་མཐུན་གཉིས་ཀྱི་ནང་ནས་དངོས་དོན་གྱི་ཐོག་ནས་རང་བཙན་རེད་འདུག ཁྲིམས་མཐུན་གྱི་ (de jure) ཐོག་ཆགས་མི་འདུག །དེ་ཡང་རྒྱལ་སྤྱིའི་ནང་ལ་འབྲེལ་ལམ་མ་ཆགས་པས་རེད་ཅེས་བྲིས་འདུག (international relations) སྐུ་ངོ་ཞྭ་སྒབ་པས་ལྗགས་རྩོམ་གནང་བའི་རྒྱལ་རབས་དེ་ལས་གཞན་པའི་ཡིག་ཆའི་ནང་ལ་ཆུ་གླང་རྩ་ཚིག་དེ་རང་བཙན་གསལ་བསྒྲགས་ཡིན་ཟེར་ནས་གསལ་པོ་དེ་འདྲ་ཕལ་ཆེར་ངས་མཇལ་མ་སོང་།
ད་རྩ་ཚིག་གི་ངོ་གདོང་ལ་བལྟ་དགོས་རྒྱུ་རེད། རྩ་ཚིག་ཁོ་རང་གི་ངོ་གདོང་ལ་བལྟས་པ་ཡིན་ན་མགོ་མཇུག་བར་གསུམ་དུ་རང་བཙན་ཟེར་བའི་ཚིག་ཅིག་བེད་སྤྱོད་གནང་ཡོད་པ་མ་རེད། བོད་རང་བཙན་ཟེར་བའི་ཚིག་གཅིག་ཀྱང་བེད་སྤྱོད་བཏང་ཡོད་པ་མ་རེད། བོད་དང་རྒྱ་ནག་གི་འབྲེལ་བ་དེ་མཆོད་ཡོན་གྱི་འབྲེལ་བ་ཡིན་མ་གཏོགས་གཅིག་འོག་གཅིག་ལ་ཡོད་པའི་འབྲེལ་བ་མིན་གསུངས་པ་དེ་འདས་པའི་བྱུང་རབས་གསུང་གི་ཡོད་པ་རེད། དེ་རིང་ནས་གསར་པ་བྱུང་བ་ཡིན་ཞེས་གསུང་གི་ཡོད་པ་མ་རེད། རང་བཙན་གསལ་བསྒྲགས་ཟེར་བའི་གོ་དོན་ག་རེ་རེད་འདུག་དེ་གསལ་བོ་གཟིགས་དགོས་ཀྱི་རེད། སྔོན་མ་ནས་རང་བཙན་ཡིན་པ་ཞིག་ཡིན་ན་༡༩༡༣གོང་ལ་བོད་འདི་རྒྱ་ནག་གི་འོག་ལ་རེད་མ་རེད་དེ་རྩོད་གཞི་རེད།
ད་ལྟ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་སྐུ་ཚབ་ཚོགས་པ་ལ་དུས་དང་རྣམ་ཀུན་ཏུ་ང་ཚོས་བཀའ་མོལ་མདུན་ལ་འགྲོ་བ་ལ་ཁྱེད་ཚོས་བོད་འདི་རྒྱ་ཁོངས་མིན་ཟེར་ནས་འདས་པའི་བྱུང་རབས་ལ་ལྟ་སྟངས་འགྱུར་བ་མ་བཏང་བར་དུ་ཁ་བྲལ་དུ་འགྲོ་རྒྱུའི་ས་བོན་དེ་མེད་པར་འགྲོ་གི་མ་རེད། དེར་བརྟེན་ང་ཚོས་བཀའ་མོལ་གནང་ཐུབ་ཀྱི་ཡོད་པ་མ་རེད་ཅེས་ཟེར་གྱི་ཡོད་པ་རེད། ང་ཚོའི་སྐུ་ཚབ་ཚོས་དེ་ལ་ལན་ག་རེ་ལབ་བསྡད་ཡོད་པ་རེད་ཟེར་ན། འདས་པ་དེ་འདས་པ་རེད། དེ་ཡང་བསྐྱར་བཟོ་ཐུབ་ཀྱི་མ་རེད། ན་ནིང་བྱུང་ཚར་བའི་ལས་ཀ་ཞིག་བྱེད་རྒྱུ་མེད་པ་གསལ་བོ་རེད། དེ་བཟོ་བཅོས་རྒྱག་གིན་བསྡད་པ་ཡིན་ན་ལོ་རྒྱུས་དེ་རྫུན་མ་ཆགས་འགྲོ་གི་རེད། མ་ཡིན་པ་ཞིག་རེད་ཟེར་ནས་ལབ་ཐུབ་ཀྱི་མ་རེད་ཅེས་ལབ་པ་རེད། འགག་ས་གཙོ་བོ་དེ་ཆོལ་གསུམ་ཆིག་སྒྲིལ་ཟེར་བ་དེ་འགག་ས་གཅིག་རེད། བྱུང་རབས་ཀྱི་གནས་སྟངས་དེ་འགག་ས་གཅིག་རེད། གནས་ཚུལ་འདིའི་ཐོག་ང་ཚོས་གུ་བཤངས་བྱེད་མ་ཐུབ་པ་རེད་མ་གཏོགས། དེའི་ཐོག་གུ་བཤངས་བྱས་པ་ཡིན་ན་ཁོང་ཚོས་ཏག་ཏག་དེ་ལ་བསྒུགས་བསྡད་ཡོད་པ་རེད།
༸སྐྱབས་མགོན་རིན་པོ་ཆེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ལ་བཀའ་ཡིག་རིང་པོ་ཞིག་སྩལ་བའི་ནང་༸སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་སོག་ཡུལ་དང་རྒྱ་ནག་ལ་ཕེབས་ཤིང་དེ་རྗེས་བོད་ལ་ཕེབས་ནས་བོད་ཀྱི་མངའ་དབང་གི་གནས་བབས་གསལ་བཤད་གནང་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད། ཆུ་གླང་རྩ་ཚིག་ཆེན་མོ་དེ་ག་རེའི་དོན་དག་ལ་གནང་བ་རེད་ཟེར་ན། བོད་ཀྱི་མངའ་དབང་གི་གནས་བབས་དང་བོད་ཀྱི་ཆབ་སྲིད་ཀྱི་གནས་སྟངས་དེ་གང་འདྲ་ཞིག་ཡིན་པ་གསལ་པོ་བཟོ་བའི་དོན་དག་ལ་རྩ་ཚིག་དེ་གནང་བ་རེད། དེར་བརྟེན་རྩ་ཚིག་གི་ནང་ལ་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་དང་ལྷག་པར་དུ་༸རྒྱལ་མཆོག་ལྔ་བ་ཆེན་པོ་ནས་བཟུངསྟེ་མན་ཇུ་གོང་མ་རིམ་བྱོན་དང་བོད་གཉིས་པོ་དེ་མཆོད་ཡོན་སྦྱིན་བདག་སྟེ། བོད་པ་དེ་མཆོད་གནས་བྱས་རྒྱ་ནག་དེ་ཡོན་བདག་བྱས་ནས་མཆོད་ཡོན་གྱི་འབྲེལ་བ་དེ་(Priest and Patron relationship) བྱས་པ་མ་གཏོགས་ཆབ་སྲིད་ཀྱིས་གཅིག་འོག་གཅིག་ལ་གནས་པའི་འབྲེལ་བ་དེ་མ་རེད་ཅེས་དེ་གསལ་བཤད་གནང་བ་རེད། དེ་གསལ་བཤད་གནང་བ་དེ་གལ་སྲིད་རང་བཙན་གྱི་གསལ་བསྒྲགས་ཡིན་ན། འགྲོ་མགོན་ཆོས་རྒྱལ་འཕགས་པའི་སྐབས་ནས་རང་བཙན་ཡིན་ཟེར་ནས་གསུང་གི་ཡོད་པ་ལ་ཆ་བཞག་དགོས་ཀྱི་རེད་བསམ་གྱི་འདུག །
ད་ལྟ་ཕྱི་རྒྱལ་གྱི་མི་མང་པོ་ནོར་འཁྲུལ་འགྲོ་བའི་གཞི་༡༩༡༣ ནས་དངོས་དོན་ཐོག་ལ་བོད་རང་བཙན་བྱས་ནས་བསྡད་པ་རེད་ཅེས་ལབ་བསྡད་པ་དེ་ཕལ་ཆར་འདི་འདྲའི་འཁྲུལ་གཞིའི་ཐོག་ལ་ལབ་བསྡད་པ་རེད་བསམ་གྱི་འདུག །ཡི་གེ་དེ་མགོ་ནས་མཇུག་བར་དུ་བཀླགས་པ་ཡིན་ན་ང་ཚོས་རང་བཙན་གསལ་བསྒྲགས་ཟེར་ནས་ཞེད་པོ་ཞིག་ལབ་ཀྱི་ཡོད་པ་རེད་དེ། རང་བཙན་ཟེར་བའི་ཚིག་དེ་མགོ་མཇུག་གང་ལ་ཡང་བེད་སྤྱོད་གནང་ཡོད་པ་མ་རེད། གླེང་གཞིའི་ནང་ལ་དབུས་གཙང་ནས་རྒྱ་དམར་ཁ་བྲལ་བཏང་ཟིན་པ་ཡིན། ཡིན་ནའང་ཁམས་ཕྱོགས་ནས་ད་ལྟ་ཁ་བྲལ་གཏོང་རྒྱུ་བསྡད་ཡོད་ཅེས་པ་དེའི་ནང་ལ་མདོ་སྨད་ཀྱི་སྐད་ཆ་གང་ཡང་ཡོད་པ་མ་རེད། རྒྱུ་མཚན་གང་ཡིན་ཟེར་ན་སྐབས་དེ་དུས། མདོ་སྟོད་ཕྱེད་ཀ་ཞིག་འབྲི་ཆུ་ཕན་ཆད་ཚུན་ཆད་ཅེས་རྒྱ་སྡེའི་ཁོངས་གཏོགས་བརྩིས་པས་དབུས་གཙང་དང་མདོ་སྟོད་ཕྱེད་ཀ་ཞིག་གི་སྐད་ཆ་མ་གཏོགས་ཡོད་པ་མ་རེད། རྩ་ཚིག་གི་ནང་ལ་མདོ་ཁམས་ཟེར་བའི་ཚིག་དེ་བེད་སྤྱོད་གཅིག་གནང་ཡོད་པ་རེད། མདོ་སྨད་ཟེར་བའི་ཚིག་དེ་བེད་སྤྱོད་གཅིག་གནང་ཡོད་རེད།  དེའི་ནང་ལ་ཡོད་པའི་མདོ་སྨད་ཟེར་བ་དེ་ཨ་མདོ་ལ་གསུང་གི་ཡོད་པ་མ་རེད། སྐབས་དེ་དུས་ཁམས་ལ་མདོ་སྨད་ཅེས་ལབ་སྡོད་ཀྱི་ཡོད་པ་རེད། ཆབ་མདོ་ས་དབང་ལ་མདོ་སྨད་ས་དབང་ཞེས་ལབ་པའི་སྐབས་རེད།
མདོ་སྟོད་མདོ་སྨད་ཟེར་བའི་སྐད་ཆ་གསལ་པོ་ཆགས་པ་དེ་ ༥༦།༥༧ ནས་གཞི་ནས་བོད་ལ་དུས་འཁོར་དབང་ཆེན་གྱི་སྐབས་ལ་མདོ་སྟོད་སྨད་ཀྱི་སྐད་ཆ་གསལ་པོ་ཆགས་པ་རེད། རྒྱ་གར་དུ་སྤྱི་འཐུས་ལྷན་ཁང་གསར་པ་འཛུགས་སྐབས་མདོ་སྟོད་སྤྱི་འཐུས་མདོ་སྨད་སྤྱི་འཐུས་ཞེས་མདོ་སྨད་དེ་ཨ་མདོ་ཞེས་ཆོལ་ཁ་གསུམ་གསལ་པོ་ཆགས་སྟངས་དེ་ལྟར་རེད། དེའི་སྔོན་ལ་ཡིན་ན་ང་ཚོ་བོད་པའི་ནམ་རྒྱུན་ཁ་སྐད་ལ་ཁམས་པ་ལ་ཡང་མདོ་སྨད་ཅེས་ལབ་ཀྱི་རེད། མདོ་ཁམས་ཞེས་ལབ་ཀྱི་རེད། ཆབ་མདོ་ས་དབང་ཆེན་མོ་ལ་ཡང་མདོ་སྨད་ས་དབང་ཆེན་མོ་ཡང་ལབ་ཀྱི་ཡོད་པ་རེད། ཡིན་ནའང་ཆབ་མདོ་ས་དབང་ཆེན་མོའི་ཁྱབ་ཁོངས་དེ་འབྲི་ཆུ་ཡར་འདབས་རེད་མ་གཏོགས་དེ་ལས་ཕར་བརྒལ་ནས་ཅི་ཡང་མེད་པ་གསལ་བོ་རེད། ཆོལ་ཁ་གསུམ་ཞེས་པའི་བཀའ་མོལ་དེའི་ནང་ལ་ཡོད་པ་མ་རེད། རང་བཙན་བཀའ་མོལ་དེའི་ནང་ལ་ཡོད་པ་མ་རེད། དེའི་ནང་ལ་བཀའ་མོལ་ཡོད་པ་དེ། ༧གོང་ས་ལྔ་པ་ཆེན་པོ་ཚུན་ཆད་ནས་མན་ཇུ་དང་བོད་ཀྱི་འབྲེལ་བ་དེ་མཆོད་ཡོན་གྱི་འབྲེལ་བ་ཡིན་གསུངས་ཡོད་པ་རེད། དེ་ག་ནང་བཞིན་དེའི་སྔོན་ལ་ཡང་སོག་པོ་དང་རྒྱ་ནག་གོང་མ་རིམ་བྱོན་གྱིས་བོད་ལ་སྤྱི་བོའི་གཙུག་ཏུ་བཀུར་བ་རེད་ཅེས་འགྲོ་མགོན་ཆོས་རྒྱལ་འཕགས་པ་མན་ཆད་ནས་བོད་ཀྱི་གནས་བབས་དེ་གསུངས་ཡོད་པ་རེད།
ད་དོན་དག་གཙོ་བོ་དེ་དོན་ཚན་ལྔ་ཡོད་པ་རེད། དོན་ཚན་ལྔ་པོ་དེ་འདིར་འབྲེལ་བ་ཆེན་པོ་ཆགས་ཀྱི་མི་འདུག པས་ངས་རེ་རེ་ནས་ཞུ་གི་མིན། དགོན་པ་ཁག་ལ་ཇི་ལྟར་ལྟ་རྟོག་བྱེད་དགོས་ཀྱི་རེད། ས་ཆ་སྟོང་པ་དེ་དག་ཇི་ལྟར་བེད་སྤྱོད་གཏོང་དགོས་ཀྱི་རེད། དཔལ་འབྱོར་ཡར་རྒྱས་ཇི་ལྟར་གཏོང་དགོས་ཀྱི་རེད། ཞིང་ལས་དང་སོ་ནམ་ཡར་རྒྱས་ཇི་ལྟར་གཏོང་དགོས་ཀྱི་རེད་ཅེས་དོན་ཚན་ལྔ་དེ་རེད། དོན་ཚན་ལྔ་དེ་ཆབ་སྲིད་དང་འབྲེལ་བ་ཅི་ཡང་ཡོད་པ་མ་རེད། སྤྱི་ཚོགས་དང་དཔལ་འབྱོར་ཡར་རྒྱས་ཀྱི་སྐོར་དང་འབྲེལ་བ་ཤ་སྟག་ཅིག་རེད། དེའི་འགོ་བརྗོད་དེ་ལ་བར་ལམ་ང་ཚོ་དཀའ་ལས་ཁག་པོ་བྱུང་བ་རེད་དེ། ད་ང་ཚོ་རྡོག་རྩ་གཅིག་སྒྲིལ་གྱི་ཐོག་ནས་རྒྱ་དམག་མཐར་བསྐྲད་ཟིན་པ་ཡིན་པས། ཁམས་ནས་མཐའ་སྐྲོད་གཏོང་རྒྱུ་ལྷག་བསྡད་པ་དེ་ཚོ་ད་མགྱོགས་པོ་གཏོང་དགོས་པ་རེད། དེ་རྗེས་ལ་ཡང་ང་ཚོས་རྒྱལ་ཁབ་ཀྱི་འཛུགས་སྐྲུན་འདི་འདྲ་འདི་འདྲ་བྱེད་དགོས་པ་རེད་ཟེར་བའི་རྩ་ཚིག་དེ་རེད།
            ད་འདིའི་ཐོག་ལ་དྲི་བ་ངོ་མ་གཅིག་ག་རེ་ལྷག་གི་ཡོད་པ་ཟེར་ན། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པས་༡༩༡༢བར་དུ་བོད་དེ་རྒྱ་མིའི་མངའ་འོག་ལ་ཡོད་ཀྱང་༡༩༡༣ནས་བོད་རང་བཙན་ཐོབ་པ་རེད་ཟེར་ནས་དེ་གསལ་བསྒྲགས་གནང་བ་རེད་ལབ་པ་ཡིན་ན། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱིས་བཤད་བཞིན་ཡོད་པའི་བྱུང་རབས་དེ་ལ་ང་ཚོས་ཐེལ་ཙེ་བརྒྱབ་པ་རེད། དེ་བར་དུ་ང་ཚོ་རྒྱ་འོག་ལ་རེད་འདུག །རྒྱ་མིའི་ཆ་ཤས་རེད་འདུག །ཁ་འབྲལ་ཐབས་མེད་པའི་ཆ་ཤས་རེད་འདུག །༡༩༡༣ནས་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོས་བོད་དེ་རང་བཙན་བཟོས་གནང་འདུག་ཅེས་ལབ་པ་ཡིན་ན། ང་ཚོས་ད་ལྟ་བཤད་བསྡད་པའི་བྱུང་རབས་དེ་ཆ་ཚང་བ་འཕྲོ་བརླག་འགྲོ་དགོས་པ་ཞིག་ཆགས་པ་རེད། ད་དེ་མ་ཡིན་པ་བྱས་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་བཟུང་སྟེ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བར་བོད་པ་ནང་ཁུལ་ལ་ཕན་ཚུན་འགྱུར་བ་དགའ་རབ་བྱུང་བ་རེད། ཐོག་མ་ས་སྐྱ་དེ་ནས་ཕག་གྲུ། དེ་ནས་རིན་སྤུངས། དེ་ནས་གཙང་པ། རིམ་པ་བཞིན་༸རྒྱལ་བ་སྐུ་ཕྲེང་ན་རིམ་བཅས་དེ་དུས་ནས་རང་བཙན་ཡིན་པ་གསལ་བསྒྲགས་གནང་བ་རེད་ཞེས་ཟེར་བ་ཡིན་ན། དེ་ལས་རང་བཙན་གསལ་བསྒྲགས་ཟེར་བའི་ཚབ་ལ་རང་བཙན་ཡིན་པའི་ངོ་བོ་དེ་བསྐྱར་བལྡབ་ཅེས་བཤད་ན་ད་ལྟ་བོད་སྐད་ཀྱི་ཐོག་དེ་འདྲའི་འཕྲོས་གཞི་མ་བྱུང་བ་ཡིན་ནའང་། སྐད་ཡིག་གཞན་པའི་ཐོག་ལ་འཕྲོས་གཞི་ཆེན་པོ་ཡིན་ས་རེད་(Declaration of Independence) དེ་ནས་བཟུང་སྟེ་ཟེར་བ་ཞིག་རེད་མ་གཏོགས་དེ་སྔོན་ཟེར་བ་ཞིག་གང་ཡང་ཡོད་པ་མ་རེད། དེར་བརྟེན་དེ་ནས་བཟུང་སྟེ་རང་བཙན་ཡིན་པ་གསལ་བསྒྲགས་གནང་བ་རེད་ཟེར་ནས་ང་ཚོས་དེ་ངོས་ལེན་བྱས་པ་ཡིན་ན་༡༩༡༢བར་དུ་མན་ཇུའི་འོག་ལ་ཡིན་ནའང་འདྲ་རྒྱ་མིའི་འོག་ལ་ཡིན་ནའང་འདྲ། དེ་འདྲ་ཞིག་ཡིན་པ་ཁས་ལེན་དགོས་པ་ཆགས་འགྲོ་གི་རེད།
ད་དེ་མ་ཡིན་པར་ཐོག་མ་ནས་རང་བཙན་ཡིན་པ་གསུངས་པ་རེད་ཟེར་གྱི་ཡིན་ན་གསལ་བསྒྲགས་(Declaration)ཟེར་བའི་ཚབ་ལ་བསྐྱར་བལྡབ་(Retreat) ནན་བརྗོད་ཅེས་པ་ལྟ་བུའི་ཚིག་ཅིག་བེད་སྤྱོད་གནང་བ་ཡིན་ན་ཡག་པོ་ཡོད་པ་རེད་བསམ་གྱི་འདུག །ད་གང་ལྟར་ངས་ལྷན་རྒྱས་ཚོ་ལ་ཞུ་རྒྱུ་ཞིག་ལ། དེ་ག་རེ་རེད་ཟེར་ནས་ང་ལ་དྲི་བ་གནང་བའི་ཚབ་ལ། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་རང་གིས་གནང་བའི་ཆུ་གླང་རྩ་ཚིག་དོན་ཚན་ལྔ་ཅན་འདི་ཆ་ཚང་ཀློག་གནང་དང་དེ་ནས་དེ་ག་འདྲ་ཞིག་ཡིན་པ་དེ་མཁྱེན་གྱི་རེད། དོན་དག་གཅིག་དེ་བྱས། དོན་དག་གཉིས་པ་དེ་ང་ཚོས་བྱུང་རབས་ག་འདྲ་ཞིག་ཁས་ལེན་གྱི་ཡིན། ༸རྒྱལ་དབང་ལྔ་པ་ཚུན་ཆད་ནས་རང་བཙན་གཙང་མ་བྱས་ནས་བསྡད་པར་ཁས་ལེན་གནང་གི་ཡིན་ནམ། ༡༩༡༣ གྱི་རྗེས་ལ་རང་བཙན་ཆགས་པར་ཁས་ལེན་གནང་གི་ཡིན། དེ་གཉིས་པོ་དེ་ང་རང་ཚོའི་བསམ་བློའི་ནང་ལ་གསལ་བོ་ཡོད་དགོས་པ་དེ་ཧ་ཅང་གལ་ཆེན་པོ་རེད།
སྔོན་མ་ནས་རང་བཙན་ཡིན་པར་ཁས་ལེན་བྱེད་ཀྱི་ཡོད་ན། དུས་རབས་བརྒྱ་ཕྲག་བཅུ་གསུམ་པའི་ནང་ལ་ལོ་བཞི་བཅུ་ཞེ་གྲངས་ཤིག་གམ། ལྔ་བཅུ་མ་ཟིན་ཙམ་ཞིག་ལ་སོག་པོའི་འོག་ལ་བསྡད་པ་མ་གཏོགས། ཆོས་རྒྱལ་ཚོའི་སྐུ་རིང་ནས་བོད་དེ་ལྔ་བཅུ་ང་གཅིག་གི་བར་དུ་གཞན་པའི་བཙན་དབང་འོག་ལ་སོང་ཡོད་པ་མ་རེད། དབྱིན་ཇིའི་དམག་བོད་ལ་སླེབས་པའི་སྐབས་ལ་ཡང་། བོད་ཀྱི་མངའ་དབང་འཕྲོགས་ཡོད་པ་མ་རེད། རྒྱ་མིའི་དམག་བོད་ལ་སླེབས་ནས་༸རྒྱལ་བ་རིན་པོ་ཆེ་རྒྱ་གར་ལ་ཕེབས་དགོས་བྱུང་བའི་སྐབས་ལ་ཡང་དམག་སླེབས་པ་རེད་མ་གཏོགས། བོད་ཀྱི་མངའ་དབང་འཕྲོགས་ཡོད་པ་མ་རེད། བོད་ཀྱི་གཞུང་དང་བོད་ཀྱི་ཆབ་སྲིད་ཀྱི་མངའ་དབང་ཇི་མ་ཇི་བཞིན་བསྡད་ཡོད་པ་རེད། དེས་ན་དེའི་ཞིབ་ཆ་དེ་ང་ཚོའི་བསམ་བློའི་ནང་ལ་གསལ་བོ་ཡོད་དགོས་པ་དེ་གལ་ཆེན་པོ་རེད་བསམ་གྱི་འདུག །དོན་དག་གཅིག་དེ་རེད། ད་དོན་དག་གཉིས་པ་དེ་༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་བསམ་གྱིས་མི་ཁྱབ་པའི་བཀའ་དྲིན་ཆེན་པོ་རེད། ཁོང་ལ་བཀའ་དྲིན་རྗེས་དྲན་བྱ་དགོས་པ་ཡིན་ལྟ་ཡིན། བཀའ་དྲིན་རྗེས་དྲན་བྱེད་པའི་སྐབས་ལ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་གསུང་བྱེ་བྲག་པ་གཅིག་ཆབ་སྲིད་ཀྱི་དགོས་མཁོ་འདྲ་བོ་བྱས་ནས་ཟུར་དུ་བཏོན་ཏེ་ཆ་འཇོག་ཞེད་པོ་ཞིག་བྱས་པ་ཡིན་ན་དེ་ཕན་ཐོགས་གང་ཡང་ཡོད་པ་མ་རེད་བསམ་གྱི་འདུག །
༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཆུ་སྤྲེལ་ཞལ་གདམས་དེ་ལས་ཀྱང་གནད་འགག་ཆེ་བའི་ཡིག་ཆ་ཞིག་ཆགས་བསྡད་ཡོད་པ་རེད། གང་ལྟར་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བཀའ་ལ་བོད་གཞུང་མང་གིས་ཅི་གསུངས་བཀའ་སྒྲུབ་ཞུ་མ་ཐུབ་པའི་ཉེར་ལེན་ལ་བརྟེན་ནས་ད་ལྟའི་གནས་བབས་འདི་བྱུང་བ་རེད། ད་སྐུ་ཕྲེང་བཅུ་བཞི་པས་ཅི་གསུངས་བཀའ་སྒྲུབ་མ་ཞུས་པ་ཡིན་ན་མ་འོངས་པ་ལ་གནས་བབས་ག་འདྲ་ཞིག་ཡོང་གི་རེད། དེ་ཚོ་ཚང་མ་དྲི་བ་བཏང་ནས་བྱས་པ་ཡིན་ན་ཧ་ཅང་ཡག་པོ་རེད་བསམ་གྱི་འདུག ད་དེ་ལས་ཀྱང་ཚབས་ཆེ་བ་ཞིག་བསམ་བློའི་ནང་ལ་མཚམས་མཚམས་མ་བདེ་བ་ཆེན་པོ་ཡོང་བ་ཞིག་ག་རེ་ཡོད་པ་རེད་ཟེར་ན། ༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པར་ཞེད་པོ་ཞིག་གཟེངས་བསྟོད་བྱས་ནས་ཆ་འཇོག་བྱས་ཏེ་དེའི་ཟུར་ལ་༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་དེ་ཙམ་ཞིག་རང་མ་རེད་མདོག་མདོག་གི་བརྡ་ཞིག་སྟོན་པའི་ཐབས་ཤེས་བྱེད་ཀྱི་མེད་དམ་བསམས་ནས་མཚམས་རེར་ང་ལ་ཚོར་སྣང་དེ་ཡོང་གི་ཡོད་པ་རེད། དེ་ལྟར་ཡིན་མདོག་ཁ་པོ་མ་རེད་དེ་གལ་ཏེ་ཡིན་ན་ཚང་མས་ཧ་ཅང་དོ་སྣང་གནང་དགོས་པ་ཆགས་ཀྱི་རེད།
༸སྐུ་ཕྲེང་བཅུ་གསུམ་པས་རང་བཙན་གསལ་བསྒྲགས་གནང་བ་རེད་༸སྐུ་ཕྲེང་བཅུ་བཞི་པས་རང་བཙན་བཙོངས་པ་རེད་ཟེར་བ་དེ་འདྲའི་རྣམ་འགྱུར་ཞིག་སྟོན་པའི་དོན་དག་ལ་ད་རེས་འདི་སྲུང་བརྩི་ཞུ་གི་ཡོད་པ་ཡིན་ན་དེ་སུ་གང་ཞིག་གིས་ཀྱང་ངོས་ལེན་བྱ་ཐུབ་པའི་གནས་སྟངས་ཞིག་ཆགས་ཀྱི་ཡོད་པ་མ་རེད། སྔོན་ལ་༸རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་ཆུ་གླང་རྩ་ཚིག་དེའི་ཚིག་དོན་དེ་དག་ཡོངས་སུ་རྫོགས་པ་ཤེས་པར་བྱས་ནས་གཞི་ནས་འགྲེལ་བརྗོད་གང་འདྲ་བྱེད་ཀྱི་ཡོད་མེད་ད་ལྟ་ངས་གོང་དུ་ཞུས་པ་ནང་བཞིན་རེད། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པ་དང་༸རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ཕེབས་པའི་དུས་ཚོད་དང་བཅས་པ་དེ་ཚོ་ཚང་མ་ཕལ་ཆེར་སྐུ་ཕྲེང་གཉིས་ཀས་འཆར་གཞི་དང་ལྡན་པའི་ཐོག་ནས་བཟོས་གནང་བ་ཞིག་དང་། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པའི་དགོངས་གཞི་མ་འགྲུབ་པའི་ཕྱག་ལས་ཕྲན་ཚེགས་དེ་དག་༸སྐུ་ཕྲེང་བཅུ་བཞི་པའི་སྐབས་ལ་བསྐྱར་བལྡབ་གནང་བ་ཞིག་དང། ལྷག་པར་དུ་བོད་མི་རིགས་ལ་བོད་སྲིད་པ་ཆགས་པ་ནས་བཟུང་སྟེ་ད་ལྟའི་བར་དུ་ཆོས་རྒྱལ་རིམ་བྱོན། ལོ་པཎ་གོང་མ་རིམ་བྱོན། རྒྱལ་བ་སྐུ་ཕྲེང་རིམ་བྱོན་ཚང་མའི་མཛད་པ་འཕྲིན་ལས་ཕྱོགས་གཅིག་ཏུ་བསྡོམས་པ་ལས་ཀྱང་ལྷག་པ་ཞིག་དང་། འཇིག་རྟེན་སྤྱི་ཡོངས་སུ་བོད་ཟེར་བའི་མིང་དེ་མ་བརླགས་པར་བྱས་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁ་གཏད་ལ་བསྡད་ཐུབ་པ་དེ་ ༸རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་འདིའི་མཛད་རྗེས་དང་བཀའ་དྲིན་ཡིན་པ་དེ་བོད་པས་བརྗེད་པ་ཡིན་ན་ཧ་ཅང་ཐབས་སྐྱོ་བོ་དང་། འཕྲལ་ཕུགས་གཉིས་ཀའི་འདུན་མ་བརླག་པའི་ཉེན་ཁ་ཡོད་པ་ཞིག་རེད། གོང་གི་དེ་འདྲའི་བསམ་ཚུལ་ཡོད་མདོག་ཁ་པོ་མ་རེད་དེ་དེ་འདྲའི་བསམ་ཚུལ་ཡོད་པ་ཡིན་ན་བོད་རིགས་སྤྱི་བོ་གནམ་བསྟན་ཡོངས་རྫོགས་ཀྱིས་ངོས་ལེན་བྱ་མི་ཐུབ་པའི་གནས་སྟངས་ཤིག་ཆགས་ཀྱི་རེད་བསམ་གྱི་འདུག །ད་དེ་ག་རང་ཡིན།