
ཁོང་ཐུགས་དྲན་རྙེད་ཙམ་གྲས་ནས་བྱིས་པ་གཞན་དང་མི་འདྲ་བའི་མཁྱེན་རིག་ཤིན་ཏུ་བཀྲ་བས་ཡབ་ཀྱིས་དགུང་ལོ་བཞི་པ་ནས་ཡི་གེ་འབྲི་ཀློག་སློབ་པའི་དབུ་འཛུགས་མཛད་པ་ཚེགས་མེད་པར་མྱུར་དུ་མཁྱེན་ཅིང་། རིམ་བཞིན་ཡབ་ལས་ཡི་གེའི་བརྡ་དག་དང་སྙན་སུམ་ཡང་གསན་སྦྱོང་གནང་། དགུང་ལོ་བདུན་ཙམ་གྱི་ཐོག་ཡབ་གཤེགས་པར་གྲགས། ཁོང་ཐུགས་རབ་རྒྱས་པའི་སྙན་གྲགས་ཀྱིས་གཡའ་མ་བཀྲ་ཤིས་འཁྱིལ་དགོན་པའི་རྡོ་བྲག་སྤྲུལ་སྐུའི་སྐྱེ་སྲིད་ཡིན་ཞེས་གདན་དྲངས་ནས་ཆོས་ཞུགས་གནང་། དེ་ནས་མི་རིང་བར་ཞྭ་དམར་པཎྜི་ཏའི་དགོན་པ་དྷི་ཚ་ཞེས་བྱ་བར་ཕེབས་ནས་མཁས་ཆེན་དགེ་འདུན་རྒྱ་མཚོའི་ཞབས་ལ་གཏུགས་པས་མཚན་ཡང་དགེ་འདུན་ཆོས་འཕེལ་ཞེས་གསོལ་བར་གྲགས། སྐུ་ཆུང་ངུའི་དུས་ནས་ཨ་མདོར་ཁོང་ལ་དྷི་ཚ་ཨ་ལགས་ཅེས་ཞུ་མཁན་མང་། ཆོས་དང་རིག་གནས་ཀྱི་གསན་བསམ་ཐོག་མ་དེ་གར་གནང་།
དེ་ནས་མདོ་སྨད་ཀྱི་ཆོས་སྡེ་ཆེན་པོ་བཀྲ་ཤིས་འཁྱིལ་དུ་ཕེབས་ཏེ་མཚན་ཉིད་ཀྱི་འཛིན་གྲྭར་བསྡུས་གྲྭ་དང་། བློ་རིགས། རྟགས་རིགས་སོགས་ནས་ཕར་ཕྱིན་འོག་མའི་བར་སློབ་གཉེར་འབད་བརྩོན་མཛད་པས་མཁས་པའི་གྲགས་པ་ཆེན་པོ་ཐོབ། སྤྱི་ལོ་༡༩༢༧བོད་རབ་བྱུང་བཅུ་དྲུག་པའི་མེ་ཡོས་ལོར་བོད་དུ་བྱོན་ནས་དང་ཐོག་ལྷ་སར་གནས་ཚང་ཚོང་པ་དཀོན་མཆོག་ནོར་བུ་ཞེས་པའི་ཁྱིམ་དུ་བཞུགས། དེ་ནས་དཔལ་ལྡན་འབྲས་སྤུངས་སུ་གྲྭ་སར་ཞུགས་གནང་བའི་ཐོབ་ཁུངས་སྒོ་མང་གྲྭ་ཚང་གི་ཀླུ་འབུམ་ཁམས་ཚན་ཡིན། གྲྭ་ཚང་གི་དཔེ་ཆ་བ་གཞན་དག་དང་མཉམ་དུ་དགེ་བཤེས་ཤེས་རབ་རྒྱ་མཚོ་ཁོང་གི་དཔེ་ཆའི་དགེ་རྒན་དུ་མཛད་ནས་མཚན་ཉིད་ཀྱི་རིག་ལམ་ལ་མུ་མཐུད་གསན་བསམ་དང་བགྲོ་གླེང་མཛད་པས་གསེར་ས་འོག་དང་མདངས་ནམ་མཁར་འཕྲོ་བའི་དཔེ་ལྟར་མཁས་པའི་གྲགས་སྙན་དེ་མ་ཐག་ཏུ་ཁྱབ། སྤྱི་ལོ་༡༩༣༤བོད་ཤིང་ཁྱི་ལོའི་ལོ་མཇུག་ཏུ་རྒྱ་གར་གྱི་བླ་མ་ར་ཧུ་ལའི་གདན་ཞུ་ལྟར་རྒྱ་གར་དུ་ཕེབས་ནས་སྤྱི་ལོ་༡༩༤༥བོད་ཤིང་བྱ་ལོའི་ཟླ་བ་བཞི་པ་བར་ཁྱོན་ལོ་ངོ་བཅུ་གཉིས་ཙམ་ཞིག་རྒྱ་གར་ཕྱོགས་བཞུགས་པའི་བར་དེར་སྤྱི་ལོ་༡༩༣༨ལོ་རྒྱ་གར་གྱི་བླ་མ་ར་ཧུ་ལ་དང་། རི་མོ་མཁས་པ་ཀན་ཝལ་ཀྲཥྚི་སོགས་མཉམ་དུ་དཔལ་ས་སྐྱའི་གཙུག་ལག་ཁང་དུ་ཕེབས་ནས་སྐབས་དེའི་ཕུན་ཚོགས་ཕོ་བྲང་གི་གནས་ཆེན་ལ་ས་སྐྱར་ཡོད་པའི་ཏ་ལའི་ལོ་མ་ལ་བྲིས་པ་སོགས་གནའ་དུས་ཀྱི་རྒྱ་དཔེ་རྩ་ཆེན་རྣམས་མཇལ་ཆོག་པ་ཞུས་པར་ཞལ་བཞེས་ཐོབ། དེ་དག་ཞིབ་ཏུ་གཟིགས་པ་མ་ཟད། གལ་ཆེ་བ་མང་པོ་ཞལ་བཤུས་ཀྱང་བྱེད་ཐུབ་པ་བྱུང་འདུག

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་ཆ་ཚང་འདི་ཙམ་ཞིག་ཡོད་ཅེས་སུས་ཀྱང་བརྗོད་ཐབས་བྲལ་རུང་། ད་ཕན་དཔེ་ངོ་བཞུགས་མིན་ལ་མ་བལྟོས་པ་མཐོང་ཐོས་ཀྱི་ཡུལ་དུ་གྱུར་པའི་དཔེ་ཐོ་ཙམ་བཀོད་པར།《ཕྱི་རོལ་པའི་གྲུབ་མཐའི་རྣམ་བཞག་》དང་། 《ཤིན་ཏུ་སྨྲ་བའི་རིག་ལམ་ངོ་མཚར་ཅན།》《ཕྱི་རོལ་པའི་གྲུབ་མཐའི་རྣམ་བཞག་རྒྱས་པ།》《ཕྱི་རོལ་པ་ནང་ཕན་ཚུན་མི་མཐུན་པའི་གནད་གསལ་བར་བསྟན་པ།》《ལྷ་ས་ནས་རྡོར་གླིང་བར་གྱི་ལམ་ཡིག》 《སིངྒ་ལའི་གནས་ཡིག》 《རྒྱ་གར་གནས་ཡིག》 《རྒྱ་གར་གྱི་གནས་ཆེན་ཁག་ལ་བགྲོད་པའི་ལམ་ཡིག་རྒྱས་པ།》《འཛམ་གླིང་རྒྱས་བཤད།》 《འཛམ་གླིང་ཤེས་བྱ་ཉོས་པའི་དེབ།》《འདོད་པའི་བསྟན་བཅོས།》《ཧི་མ་ལ་ཡའི་བསྟན་བཅོས།》《རྒྱལ་རབས་དེབ་ཐེར་གཀར་པོ།》(རྩོམ་འཕྲོ་ཅན) 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ།》《སྒྲའི་ཟིན་བྲིས།》《དབུ་ཚད་ཀྱི་དཀའ་བའི་གནད།》《འདུ་བྱེད་མཐའ་དཔྱད།》 《བདག་མེད་དྲིས་པ་ཞེས་བྱ་བ།》《རང་བཞིན་ངེས་པ།》《གཏམ་གྱི་ཚོགས་ཉིན་མཚན་བདུན་པ།》《ལེགས་རྦུར་བང་མཛོད།》《སུམ་རྟགས་ཀྱི་སྐོར་ཐོར་བུ།》《སྙན་ངག་གི་དཀའ་གནད་ཐོར་བུ་།》《ལྷ་ས་དང་། ཞོལ། བསམ་ཡས་སོགས་ཀྱི་རྡོ་རིང་ངོ་བཤུས་ཉིད་ཀྱིས་མཆན་འགོད་མཛད་པ།》 《ནོར་བུ་ཀེ་ཏ་ཀའི་སྐོར།》 《ཆུ་ཤིང་གི་སྐོར།》 《མེ་ཏོག་ཙམ་པ་ཀའི་སྐོར།》《ཨུ་དུམ་ཝ་རའི་མེ་ཏོག་གི་སྐོར།》《གངས་རིའིསྐོར།》《ཞང་དཀའ་བའི་བློ་གྲོས་ལ་དྲི་ལན།》《རྔུལ་ཆུང་ལ་དཔྱད་པའི་སྐོར།》《བོད་སྐད་ཀྱི་བསླབ་བྱ།》《སྒྲོལ་མ་གཡང་འཛོམས་ལ་གནང་བའི་བསླབ་བྱ།》 《ཀ་ལི་ཀ་ཏ་ནས་གནང་བའི་མགུར་མ།》 《བཙོན་ཁང་ནས་གནང་བའི་གསུང་མགུར།》《བྷངྒ་ལའི་ཡུལ་དུ་མཛད་པའི་གསུང་མགུར།》《བླ་བྲང་ལ་བསྐུར་བའི་ཀ་རྩོམ།》 《ཕལ་སྐད་ཀ་རྩོམ།》 《ཨ་མཆོ་ཀྱི་ངང་ཚུལ།》《རྷའུ་མཐར་ཕྱིན་ལ་གནང་བའི་ཀ་རྩོམ།》 ད་དུང་ཉིད་ཀྱི་གསུང་རྩོམ་ལ་བསྲེས་ལྷད་ཡོད་མེད་ཀྱི་ཀླན་ཀ་ཅན་《དབུ་མའི་རྣམ་བཤད་ཀླུ་སྒྲུབ་དགོངས་རྒྱན།》《སྔར་ན་མེད་པའི་བློ་སྐྱེད་》བྱ་བ་ལ་སོགས་པ་དེ་སྔའི་ཀ་སྦུག་བོད་ཡིག་གསར་འགྱུར་མེ་ལོང་ཐོག་རྩོམ་ཐུང་དུ་མ་འགོད་སྤེལ་གནང་མྱོང་འདུག་པ་བཅས་རེ་རེ་ནས་བརྗོད་ཀྱིས་མི་ལང་ངོ་།