Thursday, 13 August 2015

བོད་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ

སྲིད་འཛིན་བློ་བཟང་སེང་གེ་མཆོག་ནི་རྡོ་རྗེ་གླིང་དུ་ས༡༩༦༨ལོར་འཁྲུངས་ཤིང་ཁྲིམས་ལུགས་ཀྱི་མཁས་དབང་དང་ཆབ་སྲིད་ལས་འགུལ་བ་ཞིག་རེད། ༢༠༡༡ལོའི་ཟླ་བརྒྱད་པའི་ཚེས་བརྒྱད་ཉིན་ཁོང་བོད་ཀྱི་སྲིད་སྐྱོང་དུ་མངའ་གསོལ། ཁོང་ནི་རྡོ་རྗེ་གླིང་གི་བོད་མི་སྐྱབས་བཅོལ་བའི་གཞིས་ཆགས་ཤིག་ཏུ་འཁྲུངས་ཤིང་འཚར་ལོངས་བྱུང་། བྱིས་པའི་དུས་སུ་ཞིང་གྲོང་གི་གསེབ་ཏུ་བ་ཕྱུག་འཚོ་སྐྱོང་དང་། ནགས་ཚལ་གྱི་གསེང་ནས་འབུད་ཤིང་བསྡུ་ལེན། དགུན་དུས་སུ་གྱོན་གོས་འཚོང་དུ་འགྲོ་བ་སོགས་ཕ་མ་ནང་མིའི་འཚོ་ཐབས་ལ་རོགས་རམ་བྱས།

ཁོང་རྡོ་རྗེ་གླིང་བོད་མིའི་སློབ་གྲྭ་ནས་མཐར་ཕྱིན། དེ་ནས་རྒྱ་གར་དྷི་ལི་སྣ་འཛོམ་སློབ་ཆེན་དུ་སློབ་གཉེར་བྱས་ཤིང་ཁྲིམས་ལུགས་ཆེད་ལས་ཐེག་པ་རིམ་འཛེགས་ཀྱིས་སློབ་མཐར་ཕྱིན། ༡༩༩༥ལོ་ནས་ཨ་མེ་རི་ཁའི་ཧར་ཝར་ཌི་སྣ་འཛོམ་སློབ་ཆེན་དུ་སློབ་གཉེར་བྱས་ནས་ཁྲིམས་ལུགས་མཁས་དབང་གི་སློབ་སྦྱོང་བྱས། ༢༠༠༣ལོར་ཁོང་གིས་བཀོད་སྒྲིག་འོག་ཧར་ཝར་ཌི་སློབ་ཆེན་དུ་རྒྱ་བོད་མཁས་པའི་འདུ་འཛོམ་བགྲོ་གླེང་ཐེངས་ལྔ་བྱས། རྒྱ་ནག་གི་མཁས་པ་སུམ་ཅུ་སོ་ལྔ་དང་ལྷན་དུ་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ཞལ་འཛོམ་གྱིས་བགྲོ་གླེང་ཞིག་ཀྱང་དེའི་ནང་དུ་ཚུད་ཡོད།
༢༠༠༤ལོར་ཁོང་གིས་ཧར་ཝར་ཌི་སློབ་ཆེན་དུ་ཁྲིམས་ལུགས་ཚན་རིག་མཁས་དབང་གི་ཤེས་ཚད་མཐར་ཕྱིན་ཅིང་། ཁོང་གིས་བྲིས་པའི་སྐྱབས་བཅོལ་བོད་གཞུང་གི་དམངས་གཙོའི་འཕེལ་རིམ་སྐོར་ལ་ཞིབ་འཇུག་་ཆེད་རྩོམ་དེར་ཡོང་ཁེ་ཀེམYong K. Kim’ 95 Prizeཕུལ་བྱུང་གཟེངས་རྟགས་ཐོབ། ༢༠༠༦ལོར་ཨེ་ཤེ་ཡའི་སྒྲིག་འཛུགས་ཞེས་པའི་གཞུང་འབྲེལ་མིན་པའི་ཚོགས་པ་ཆེན་པོ་དེའི་ན་གཞོན་དབུ་ཁྲིད་ཉེར་བཞི་བདམས་པའི་ནང་གི་གཅིག་ཡིན། ཁོང་ནི་ཧར་ཝར་ཌི་སློབ་ཆེན་གྱི་ཤར་ཨེ་ཤེ་ཡའི་ཁྲིམས་ལུགས་སློབ་ཚན་གྱི་ལམ་སྟོན་གཞོན་པ་ཡང་ཡིན། མདོར་ན་ཁོང་ནི་བོད་ཀྱི་ཁྲིམས་ལུགས་མཁས་དབང་དང་རྒྱལ་སྤྱིའི་མིའི་ཐོབ་ཐང་གི་ཁྲིམས་ལུགས་མཁས་དབང་དུ་གྱུར།
༢༠༡༡ཟླ་གསུམ་པའི་ཚེས་བཅུ་ནས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མའི་སྲོལ་རྒྱུན་འགན་དབང་དེ་མི་མང་གིས་བདམས་པའི་དབུ་ཁྲིད་ལ་རྩིས་སྤྲོད་བྱ་རྒྱུ་ཡིན་ཚུལ་ཐག་བཅད། ༢༠༡༡ལོའི་ཟླ་བཞི་པའི་ཚེས་ཉེར་བདུན་ཉིན་བཙན་བྱོལ་བོད་མི་མང་གི་འོས་འདེམས་འགྲུབ་འབྲས་མཐོ་ཤོས་སྟེ་བརྒྱ་ཆ་ལྔ་བཅུ་ང་ལྔ་བརྒལ་བ་ཁོང་ལ་ཐོབ། ༢༠༡༡ལོའི་ཟླ་བ་བརྒྱད་པའི་ཚེས་བརྒྱད་ཉིན་ཁོང་གིས་སྲིད་སྐྱོང་ལས་ཁུར་གྱི་དམ་བཅའ་མཛད། བོད་ཀྱི་དབུ་ཁྲིད་ཟུར་པ་ཏཱ་ལའི་བླ་མས་ཁོང་ལ་སྲིད་སྐྱོང་ཞེས་པའི་མཚན་གྱིས་གཟེངས་བསྟོད། མཚན་གནས་དེ་ལ་སྔོན་མའི་བཀའ་བློན་ཁྲི་པ་ཞེས་པ་དེ་ལས་དབང་ཚད་མཐོ་བའི་མཚོན་དོན་ཡོད། བཀའ་བློན་ཁྲི་པ་ཞེས་བརྗོད་སྐབས་དཔོན་པོའི་འོག་གི་བློན་པོ་ཞིག་གི་མཚན་གནས་ཙམ་ཡིན་མོད་སྲིད་སྐྱོང་ཞེས་པ་ནི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་ཡོད་པའི་མཚན་གནས་ཤིག་ཡིན། བློ་བཟང་སེང་གེ་སྲིད་སྐྱོང་དུ་མངའ་གསོལ་བའི་ཉིན་དེ་ནས་མི་ལོ་སྟོང་གི་རིང་ལ་བླ་མས་སྲིད་དབང་བཟུང་བའི་ལོ་རྒྱུས་དེ་མཇུག་དྲིལ་བ་དང་། མི་མང་གིས་དབུ་ཁྲིད་འདེམས་པའི་དམངས་གཙོ་ཚད་ལྡན་གྱི་ལམ་དུ་གོམ་ཁ་ཐོག་མར་བསྒྱུར་བ་ཡིན་ཞེས་བརྗོད་ཀྱང་ཆོག
ལྷག་པར་ཡང་བོད་ནང་གི་མིས་བློ་བཟང་སེང་གེ་ལ་གདེངས་འཇོག་ཆེན་པོ་བྱེད། དེ་ཡང་། “བླ་མ་བཟང་པོ། བླ་མ་བཟང་པོ། བླ་མ་བཟང་པོ་རྒྱལ་བ་ཡིད་བཞིན་ནོར་བུ། དཔོན་པོ་བཟང་པོ། དཔོན་པོ་བཟང་པོ། དཔོན་པོ་བློ་བཟང་སེང་གེ།” ཞེས་པའི་གླུ་གཞས་ཀྱང་བཏང་། གླུ་གཞས་དེ་ནི་ད་ལྟའི་དུས་སུ་བོད་ནང་ཙམ་དུ་མ་ཟད་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་གི་བོད་མི་འདུས་སྡོད་ས་ཁུལ་དུ་ཐོས་རྒྱུ་ཡོད། དེ་ལྟ་བུའི་གདེང་འཇོག་ནི་སྔོན་ཆད་ཀྱི་བཙན་བྱོལ་བོད་མིའི་བཀའ་བློན་ཁྲི་པ་ཞེས་འབོད་པའི་ཆེས་མཐོའི་དབང་ཚད་ཡོད་པ་སུ་ལ་ཡང་བྱས་མ་མྱོང་། ཐ་ན་ཟམ་གདོང་བློ་བཟང་བསྟན་འཛིན་སྤྲུལ་སྐུ་ཞིག་ཡིན་ཞིང་བོད་མིས་སྤྲུལ་སྐུ་ལ་དད་གུས་ཆེན་པོ་བྱེད་སྲོལ་ཡོད་མོད་དེ་ལྟ་བུའི་བསྟོད་གླུ་ལེན་མྱོང་མེད། བློ་བཟང་སེང་གེ་བཙན་བྱོལ་བོད་མིའི་སྲིད་སྐྱོང་དུ་མངའ་གསོལ་བའི་རྗེས་སུ་བོད་ནང་གི་མིས་ཆབ་སྲིད་རང་དབང་ལས་འགུལ་སྤེལ་ཚད་རྒྱ་ཆེ་རུ་སོང་། དེ་ཡང་བློ་བཟང་སེང་གེའི་མི་ཁུངས་གང་ནས་མཆེད་པའི་ཡུལ་མདོ་ཁམས་རྒྱུད་ནི་བོད་ཀྱི་རང་དབང་ལས་འགུལ་གྱི་མེ་ལྕེ་མཆེད་ཡུལ་གཙོ་བོར་གྱུར་པ་རེད་ཅེས་ཀྱང་ཤོད་སྲོལ་བྱུང་།
ཉེ་ཆར་ངས་བཙན་བྱོལ་བོད་མི་རྒན་པོ་ཞིག་དང་ལྷན་དུ་གླེང་མོལ་བྱས་མཐར་གླེང་མོལ་གྱི་ཁ་ཕྱོགས་དེ་སྲིད་སྐྱོང་བློ་བཟང་སེང་གེའི་སྟེང་དུ་བབ། བོད་མི་རྒན་པོ་དེས་གསུངས་དོན། “ད་ཡིན་ན་ང་ཚོས་གཞན་གང་མ་འཇོན་རུང་ཕོ་གསར་སྟག་འདྲ་བ་ཞིག་གི་ལག་དུ་བོད་ཀྱི་སྲིད་དབང་རྩིས་སྤྲད་ཐུབ་པ་བྱུང་བ་རེད། བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ལོ་རྒྱུས་དེ་ལ་བལྟས་ཡོང་དུས། ལོ་རྒྱུས་རང་གི་སྟེང་ནས་གསར་བརྗེ་རླབས་ཆེན་ཞེད་པོ་ཞིག་རེད། ཁོང་གི་ལས་ཡུན་རིང་ལ་ཕྱག་ལས་རྒྱ་ཆེན་པོ་གནང་ཐུབ་མིན་མ་ངེས་ཀྱང་དེང་རབས་ཀྱི་ཤེས་ཡོན་མཐོན་པོ་ཅན་འདི་ལྟ་བུ་ཞིག་ཡར་བསྐོ་ཐུབ་པ་དེ་ཁོ་ནས་ཀྱང་མིག་དཔེ་བཟང་པོ་ལམ་ལུགས་རླབས་ཆེན་ཞིག་དོད་ཚར་བ་རེད། འདི་ཡིན་ན་བཙན་བྱོལ་བོད་མིའི་གཟི་བརྗིད་དང་སྤོབས་པ་ཡིན།” ཞེས་གསུངས་བྱུང་བས་ང་ལ་སེམས་འགུལ་ཐེབས་པ་བྱུང་།
ཁོང་གི་བརྩམས་ཆོས་དཔར་བསྐྲུན་ཟིན་པ་འགའ་ཞིག་དཔེ་མཚོན་དུ་གླེང་ན། བོད་བཙན་བྱོལ་བའི་དམངས་གཙོའི་འགྲུད་བཞུད་ཅེས་པའི་མཁས་པའི་ཆེད་རྩོམ། བོད་ཀྱི་ཆབ་སྲིད་བཙོན་པའི་གླེང་མོལ་ང་ཚོའི་སྐྱོ་གླུ། རྒྱ་ནག་བོད་དུ་སླེབས་པ་བཅིངས་འགྲོལ་རེད་དམ་བཙན་འཛུལ་རེད་ཅེས་པ། དམ་པའི་ཆོས་དང་དམངས་གཙོའི་ལམ་ཞེས་པ་ཁྲིམས་ལུགས་སློབ་དཔོན་གྱི་སློབ་ཐོན་དམ་བཅའི་ཆེད་རྩོམ། བོད་བཙན་བྱོལ་གཞུང་གི་དམངས་གཙོའི་བརྒྱུད་རིམ་ཞེས་པའི་ཁྲིམས་ལུགས་མཁས་དབང་གི་མཐའ་ཕྱིན་དམ་བཅའི་དཔྱད་རྩོམ་སོགས་མང་པོ་ཡོད།