Monday, 27 June 2016

ཟམ་གདོང་དམ་ལ་བཏགས་པ་དང་། དམ་ལས་ཤོར་རྗེས་ཀྱི་གནས་ཚུལ་འགའ།

---སྟོབས་རྒྱལ།               
1
འཇུ་ཆེན་ལ་རྒྱུས་མངའ་ཟབ་པའི་མི་ཞིག་གིས་བཤད་ན།འཇུ་ཆེན་དང་ཟམ་གདོང་གཉིས་ནི་དུས་སྐབས་གཅིག་གི་གངས་ཅན་སྐྱིད་གཞོང་གི་ཆབ་སྲིད་དང་མི་གཤིས། ཕུགས་
རེ་བཅས་ཕྱོགས་ཡོངས་ནས་ཁ་གཏད་ཆགས་ཚར་བའི་ཕྱོགས་ཁ་ཆེན་པོ་གཉིས་ཀྱི་མཚོན་རྟགས་རེད།དེའི་ནང་དོན་ཟམ་གདོང་བླ་མས་ནམ་རྒྱུན་གྲྭ་སར་སོང་ནས་ཆབ་སྲིད་སྐོར་གྱི་སྐད་ཆ་ཆུ་རྒྱུགས་རྒྱུགས་བྱེད་པ་དང་།གྲོས་ཚོགས་ནང་ཆོས་ཚིག་མཁྲེགས་པོ་རྡོ་འདྲ་བོ་རེ་བསྣར་ཏེ།ཡུལ་དུས་བརྗེ་བོ་རྒྱག་པའི་ལས་ལུགས་འདིས། གངས་སྐྱིད་ན་ཁོང་མ་གཏོགས་མཁས་བ་ཞིག་མེད་པའི་སྒམ་ཚུགས་བསྟན་ནས།དོན་དག་མི་བཤད་པར་དོན་ལོག་རྐྱང་རྐྱང་བཤད་སྐབས། བོད་རྒྱལ་ཡོངས་ནང་ཟམ་གདོང་བླ་མའི་གཡོ་སྒྱུར་ལན་གླན་ཕོད་མཁན་གཅིག་དེ།འཇུ་ཆེན་ཐུབ་བསྟན་ཡིན།ཁོང་གིས་ཟམ་གདོང་གི་ལྐོག་ཇུས་མང་བོ་ཞིག་ལ།དུས་བསྟུན་གྱི་རྒོལ་ལན་བསློག་སྟེ་སྨྲ་ལྕེ་ཡང་ཡང་བཀུམས་མྱོང་བས།ཟམ་གདོང་ལ་ངོ་སོ་སྐར་གང་བྱིན་མ་མྱོང་སྐད།ཟམ་གདོང་དམ་ལ་འདོགས་མཁན་འཇུ་ཆེན་ཡིན།                  
2
ཟམ་གདོང་ལ་ཡང་ལོ་རྒྱུས་དང་སྙན་གྲགས་མེད་པ་མིན། དང་ཐོག་མི་མང་པོ་ཞིག་གིས་ཟམ་གདོང་ལེགས་སྦྱར་ལ་མཁས་པའི་ཕ་རོལ་ཕྱིན་ཚུལ་དང་།ཆབ་སྲིད་ལ་ནང་བྱན་ཆུད་འདུག་ཅེས་གངས་སྐྱིད་གཡས་གཡོན་ནས་འུར་བརྒྱབ་མྱོང་ཡོད།ཡིན་ཡང་ཡིན་སྟངས་འདིར་འཇུ་ཆེན་གྱི་ཁ་སྔུན་ནས་ཆབ་སྲིད་པ་ཐབས་ཆག་ཞིག་ལ་དགོས་བའི་རྒྱལ་ཁ་དེ་ཨེན་ཙམ་ཡང་ལེན་ཐུབ་མེད་ཕྱིར།ཟམ་གདོང་བོད་ཀྱི་སྤྱི་ཚོགས་ནང་ཐོག་དང་པོ་གོ་ས་ལྷུང་འཇུག་མཁན་དེ་འཇུ་ཆེན་ཡིན།འདིས་ཟམ་གདོང་ཕྱོགས་གཏོགས་དང་འཇུ་ཆེན་ཕྱོགས་གཏོགས་བར། རྒྱལ་ཕམ་ཞིག་ཕྱེས་ཚར་ཡོད། འདི་ནས་བཟུང་སྟེ་གངས་ཅན་སྐྱིད་གཞོང་དུས་བདེ་གནས་འཇམ་ཆགས་ཆོག་ཀྱང་།གློ་བུར་དུ་གནས་ཚུལ་ཞིག་ལྷགས་བ་ནི།ཟམ་གདོང་རྒན་ཡོལ་ལ་ཕེབས་རན་སོང་།རྒན་ཡོལ་ལ་ཕེབས་ཁ་མར་དེ་ལས་ཀྱང་དོན་དག་ཡ་མཚན་ཞིག་བྱུང་སོང་། དེ་ནི༧གོང་ས་མཆོག་གིས་ཟམ་གདོང་སྐུ་སྒེར་ཡིག་ཚང་ནང་ཡར་བླངས་ནས། རང་གི་གམ་དུ་ཉར་སོང་བ་དེ་ཡིན།སྐད་ཆ་འདི་ལོ་ཚིགས་ལ་སྦྱར་ནས་བཤད་ན 2011 ལོ་རེད།              
3
ད་ནི་ཡོད་ཚད་མཇུག་རྫོགས་ཐུབ་བམ།གཏན་ནས་མི་ཐུབ། རྒྱུ་མཚན་འཇུ་ཆེན་རྒན་ཡོལ་སྐབས༧གོང་ས་མཆོག་གིས་དོན་དེ་སྣང་མེད་དུ་བསྐྱུར་ཡོད། འདི་གནད་དོན་ཚབས་ཆེན་ཞིག་ཡིན།ཚབས་ཆེན་རང་བཞིན་དེ་སྤྱིར་ལོ་དུས་ཟིན་ན་གཞུང་ཞབས་རྒན་ཡོལ་དུ་ཕེབས་རྒྱུ་ཆེས་རྒྱུན་ལྡན་ཞིག་ཡིན་ཡང་།རྩོད་རྙོག་ལ་དྲང་བདེན་གྱིས་ཚད་ཤིང་མ་བརྒྱབ་པར། རྩོད་མཁན་གྱི་ངོ་སོ་ཆེ་ཆུང་ལ་བལྟས་ན།ལོ་རྒན་རྒས་ཉིན་དེར༧གོང་ས་མཆོག་གི་ཐུགས་ན་ཡོད་པ་ཟམ་གདོང་ཡིན་པས།འཇུ་ཆེན་ཟུར་ལ་དེད་ཡོད།མ་ཟད་ཟམ་གདོང་དང་འཇུ་ཆེན་གཉིས་ལ་མཚོན་ན། རྒན་ཡོལ་ཡང་ལ་རྒྱ་ཞིག་གི་ཚད་ལ་བཞག་ཡོད་པས། དེའི་ཉིན་དེར་འཇུ་ཆེན་ལ་ཕོག་ཚར་ཡོད།འདི་འཇུ་ཆེན་གྱིས་གཏན་ནས་འཁུར་མི་ཐུབ།དེའི་རྒྱུ་མཚན་འཇུ་ཆེན་ལ་མཚོན་ན༧གོང་ས་མཆོག་བར་གནས་ལ་མ་བཞུགས་པ་ནི་ཆེས་བློ་ཡུལ་དུ་མི་ཤོངས་བ་ཞིག་ཡིན་ཕྱིར།འཇུ་ཆེན་དང་འཇུ་ཆེན་གྱི་ཕྱོགས་གཏོགས་ཀྱིས་ནམ་ཡང་བརྗེད་མི་སྲིད།དེའི་ཚུན་ལ་དུས་ཚོད་ངེས་ཅན་ཞིག་ཕྱིན་ཡོད་ཀྱང་།དོན་གནད་འདི་ལ་འགྱུར་བ་ཨེན་ཙམ་མ་སོང་བར།དེང་སང་བསམ་བློ་འདི་མི་ཐོག་གཉིས་པའི་ཁྲག་རྩའི་ནང་ན་རྒྱུ་བཞིན་ཡོད་པས། རྩོད་གཞི་འདིས་མི་ཐོག་གཉིས་པའི་སྟེང་ནས་གོ་སྐབས་ལ་སྒུག་རྒྱུ་ཡིན་ཕྱིར། འཇུ་ཆེན་གྱི་རྣམ་ཤེས་ད་དུང་གཟིམ་མེད་ལ།དེ་བས་ཇེ་གསལ་དུ་སོང་ཡོད་པ་ནི། རྩོད་པ་འདི་གནའ་དུས་ལས་གཏིང་ཟབ་ཏུ་སོང་མེད་ན་ཆུང་དུ་སོང་མེད།ཡིན་ཡང་རྒྱུ་འབྲས་རྩོད་སྒྲུབ་ཀྱི་སྟེང་ནས་བཤད་ན།རྩོད་པ་འདི་ཟམ་གདོང་གིས་མགོ་བརྩམས་ནས། འཇུ་ཆེན་གྱིས་མཇུག་བསྐྱངས་ཏེ།༧གོང་ས་མཆོག་གིས་འཕེལ་རྒྱས་སུ་འགྲོ་བཅུག་ཡོད་ཕྱིར། འཇུ་ཆེན་ཕྱོགས་གཏོགས་ཀྱིས་ངོས་ལེན་བྱེད་དཀའ་བ་དེ་བོད་མི་རིས་སུ་མ་ཆད་པའི་སྐྱབས་མགོན་ཆེན་པོས་མཐར་མཇུག་ཟམ་གདོང་ཁོ་ན་ལ་གཟིགས་ཚུལ་ལེགས་པ་དེ་ཡིན་པས།༧གོང་ས་མཆོག་གིས་བོད་གཞུང་ནང་གི་མཇུག་བསྡུས་ཆོག་ཆོག་གི་རྩོད་རྙོག་ཞིག་འདི་ལྟར་རྒྱ་ཆེ་རུ་དང་གཏིང་ཟབ་རུ་བཏང་ཡོད།
4
བོད་ཀྱི་སྤྲུལ་སྐུ་ཞིག་གི་ཆེ་མཐོང་སྤྱད་ནས་ཟམ་གདོང་བླ་མར་བལྟས་ན། བླ་བྲང་མེད་པ་དང་གསོག་དངུལ་མེད་པ་འདིས་ཁོང་སྐྱེས་ཆེན་ཞིག་ཏུ་མཐོང་སྲིད་ཀྱང་།ཁོང་རང་ངོས་ནས་བོད་རང་བཙན་གྱི་ལོ་རྒྱུས་བཤིག་པར་འཚེར་སྣང་ཅི་ཡང་མེད་པ་དང་། བོད་རྒྱལ་ཁབ་དང་བོད་མི་རིགས་ལ་ལར་ནས་ཤ་ཞེན་མེད་པ་འདིས་ཁོང་རྒྱལ་འཚོང་བ་ཆེན་པོ་ཞིག་ཡིན་པའི་ལྟས་ངན་ཕྱོགས་ཡོངས་ན་ཚང་ཡོད་ཀྱང་།ཁོང་སྔར་བཞིན༧གོང་ས་མཆོག་གི་ཐུགས་ཀྱི་སྲས་བོ་ཡིན་པས། འཇུ་ཆེན་ཕྱོགས་གཏོགས་དང་རང་བཙན་ཕྱོགས་གཏོགས་ཀྱི་སེམས་གཏིང་ལ་རྨ་འབྱིན་ཡོད། དེ་ལས་ཀྱང་གངས་སྐྱིད་གཡས་གཡོན་ལ་དུས་ངན་ཞིག་ཁྱེར་ཡོང་བ་ནི།ཟམ་གདོང་རྒན་ཡོལ་དུ་ཕེབས་པ་དང་།འཇུ་ཆེན་དགོངས་པ་རྫོགས་སོང་བ་འདིས་ཟམ་གདོང་གི་སྡོམ་བརྩོན་དུ་བརྫུས་བའི་སྙིང་ནད་རྩོད་པའི་དམག་འཁྲུག་དེ་ཧ་ཅང་རྒྱ་ཡན་དུ་བཏང་ཡོད།                 
5
མཚམས་འདིར་སྐུ་སྒེར་ཡིག་ཚང་ལ་གནས་དུས་དང་མཐུན་པའི་ངོས་འཛིན་བྱེད་ཤེས་རྒྱུ་དེ་ཧ་ཅང་གལ་ཆེ་ཕྱིར།སྐུ་སྒེར་ཡིག་ཚང་ནི༧གོང་ས་མཆོག་སྐུ་སྒེར་གྱི་མཛད་རིམ་དང་འབྲེལ་མཐུད་གནང་མཁན་ལས། བོད་སྡེ་བ་ཡོངས་ཀྱི་ཆབ་སྲིད་ཐད་དབང་ཆ་ཕྲ་མོ་ཙམ་ཡང་མེད་ཀྱང་།ཟམ་གདོང་སྐུ་སྒེར་ནང་བཞུགས་པ་ནས། ལྷག་ཏུ༧ཟམ་གདོང་གི་བྱས་བ་མང་པོ་ཞིག་ལ༧གོང་ས་མཆོག་གི་རྒྱབ་སྐྱོར་ཡོད་པ་འདིས།ཚད་ངེས་ཅན་ཞིག་ནས་བཤད་ན་སྐུ་སྒེར་ཡིག་ཚང་ཟམ་གདོང་གི་དམག་སྤྱི་ཁང་ཆགས་ཚར་བས།ཟམ་གདོང་གིས་རྟ་ཁ་ཡོངས་སུ་གློད་ནས།འཇུ་ཆེན་དང་བོད་རང་བཙན་ཕྱོགས་གཏོགས་ལ་ཁྱད་མེད་དུ་འབུར་འཇོམས་བྱེད་བཞིན་ཡོད།འདིས་ཁོང་ད་དུང་འཇུ་ཆེན་གྱི་རྣམ་ཤེས་ལ་འཚིག་པ་ཟོས་ཡོད་པའི་རྟགས་ཡིན་ཕྱིར།               
འཇུ་ཆེན་དགོངས་པ་རྫོགས་སོང་བ་དང་། ཟམ་གདོང་སྐུ་སྒེར་ནང་ཕེབས་པ་ནི། ཟམ་གདོང་དམ་ལས་ཤོར་བའི་དུས་ཚིགས་དང་པོ་ཡིན།ཟམ་གདོང་གི་དམག་དོན་སྟེང་ཐེངས་དང་པོ་དམ་འཛིན་བྱེད་དགོས་རྒྱུ་དེ་སྐུ་སྒེར་ཡིག་ཚང་ཆེས་མཐོའི་དབང་ཆའི་ཨ་མ་ཞིག་ཏུ་འགྱུར་རྒྱུ་འབད་བརྩོན་བྱེད་རྒྱུ་དེ་ཡིན། འདི་དམག་དོན་གྱི་ལྟ་བའི་དམིགས་སྒོ་དང་པོ་ཡིན།ལག་ལེན་ཐད་ཐོག་དང་པོ་འཇུ་ཆེན་ཕྱོགས་ལ་སུ་མི་དགའ་ན། དེ་སྐུ་སྒེར་ནང་ལེན་པ་དང་།གཉིས་པ་དེ་རང་བཙན་ལ་སུ་མི་དགྱེས་ན་དེ་ཁོང་གི་ཨ་ཕྲུག་ཏུ་བསྡུ་རྐྱང་གནང་བས།དེང་སང་ལས་ལུགས་འདིའི་འཕེལ་རྒྱས་སྟེང་ནས་བལྟས་ན། ཟམ་གདོང་ལ་ཨ་ཕྲུག་མང་བ་དང་འཇུ་ཆེན་ལ་རྗེས་འཇུག་མང་བ་ནི།རྩོད་རྙོག་འདི་བོད་ཀྱི་མི་སྡེ་ག་ས་གང་ལ་ཁྱབ་བཞིན་པའི་མེ་སྟག་ཆེན་པོ་ཞིག་ཡིན་པས།བཀའ་སྤྱི་གཉིས་སྟེང་སྐུ་སྒེར་ཡིག་ཚང་བཞག་པའི་གངས་སྐྱིད་ཧྲིལ་བོ།བཙན་བྱོལ་ཧྲིལ་བོ་སྐུ་སྒེར་ཡིག་ཚང་གིས་དབང་དུ་བསྡུ་འདོད་པའི་ཧམ་པ་དེ་རབ་ཏུ་གདེང་ཡོད།འདི་ནི་མི་མངོན་པའི་ཟམ་གདོང་དང་འཇུ་ཆེན་གཉིས་ནི།སྐུ་སྒེར་ཡིག་ཚང་དང་བཀའ་ཤག་གཉིས་སུ་མཐོ།རང་བཙན་དང་དབུ་མ་གཉིས་སུ་སྤྱང་།ཨ་མདོ་དང་ཁམས་པ་གཉིས་སུ་བཙན་བསྡུར་བའི་ཨོ་རྩེད་འགྲན་བསྡུར་ཆེན་པོ་ཞིག་ཡིན།འདི་ཡོད་ཚད་ཀྱིས་ཟམ་གདོང་ཁམས་པའི་སྟེང་དམག་དཔུང་བསྡུ་བའི་དམག་སྤྱིར་རྒྱུན་བཞུགས་གནང་འཆར་ཡོད་པས།དེང་སྐབས་བོད་སྡེ་ཕལ་ཆེ་བ་ཞེ་མི་བདེ་བ་བཟོ་བཞིན་ཡོད། ཡིན་ཡང་འདི་ནི་སྤྱིར་བཏང་གི་ཟམ་གདོང་དང་འཇུ་ཆེན་གྱི་དམག་འཁྲུག་ཞིག་ཡིན་ན་སྐྱོན་ཆེན་པོ་མེད། དེ་ནི་བོད་མི་རྒན་པ་གཉིས་ཐུགས་ཁ་མ་དན་པའི་གྲགས་འགུལ་རབ་རིབ་ཞིག་ལས་ཅི་ཡང་མིན། དེའི་རྒྱུ་མཚན༧གོང་ས་མཆོག་དང་བོད་གཞུང་གིས་དཀྱིལ་སྙིང་བཟུང་བའི་བོད་ཀྱི་རྩ་དོན་ཞིག་བདེ་ཐང་ངང་ལོགས་ན་བསྡད་ཡོད།ཡིན་ཡང་བར་གནས་ལ་བཞུགས་རྒྱུ་མིན་པའི༧གོང་ས་མཆོག་གིས་དེ་ལས་ཀྱང་དོན་འདི་ཉེན་ཁ་ཅན་ཞིག་གི་སྟེང་འཁྲིད་བཞིན་པ་ནི།ཁོང་རྒན་ཡོལ་ཆ་ཚང་ལ་ཕེབས་ཀྱང་སྤྱི་སྙོམས་ཀྱི་གསུང་བཤད་མི་གནང་བར་ཐད་ཀར་སྐུ་སྒེར་ཡིག་ཚང་གི་མགྲིན་ཚབ་པ་ཞིག་གི་ངོས་ནས་གསུང་བཤད་གནང་རྐྱང་དང་། ལྷག་ཏུ་ད་ལོའི་སྲིད་སྐྱོང་དམ་འབུལ་སྐབས་ཀྱང་གསུང་བཤད་ཁྱད་མཚར་ཞིག་གནང་སོང་།ཐ་ན་གནས་ཆུང་དང་ཚེ་རིང་མཆེད་ལྔ་ཚུན་ཁོང་ཚོའི་ཕྱོགས་གཏོགས་ཡིན་པའི་བཟོ་བསྟན་པས།སྐུ་སྒེར་ཡིག་ཚང་དང་བོད་ཀྱི་ལྷ་ཚོགས་ཡོངས་ཀྱིས་བཀའ་ཤག་འཕར་མའི་སྟེང་ཁམས་རིགས་དང་། རང་བཙན་འདོད་མཁན་ཟུར་དུ་འབུད་འདོད་པའི་ཞེ་འདོད་གསལ་བོར་བསྟན་སོང་བས།བོད་ཀྱི་རྩོད་རྙོག་གཏིང་ཟབ་མོ་ཞིག་རྒྱ་བསྐྱེད་བཞིན་འདུག་པས།སྐད་ཆ་མང་པོ་ཞིག་ལ་སྡུད་རྒྱག་སྐབས།བོད་ཀྱི་རྩ་དོན་མིན་པའི་རྩོད་རྙོག་མང་པོ་འབྱུང་ཁུངས་དེ་སྐུ་སྒེར་ཡིག་ཚང་ཡིན།ཟམ་གདོང་བླ་མ་ཡིན།ཡིན་ཡང་འདི་ནས་ལོ་རྒྱུས་ཅུང་ཕྱིར་ནུར་རྒྱག་དགོས་པ་ཞིག་ནི།1995 ལོར༧གོང་ས་མཆོག་གིས་དངོས་སུ་གསུང་བྱོན་ཏེ་བོད་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་ནང་།༧གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་དང་བཅས་བ་ཕྱིར་བསྡུ་གནང་དགོས་བའི་བཀའ་ལུང་རྡོ་རྗེ་ཐོག་འདྲ་བ་བབས་ཡོད། འདི་དུས་རབས་འབྱེད་པའི་ལོ་རྒྱུས་ཀྱི་གཏམ་དོན་ཞིག་ཡིན།འདིའི་གོ་དོན་ཁོང་དམངས་གཙོའི་བཀག་རྡོ་མི་ཆགས་ཕྱིར། མཚན་གནས་ཕྱིར་བསྡུའི་ལམ་ནས་ཚང་མ་བཀའ་ཤག་གི་ཁོངས་སུ་ཚུད་ཐུབ་དགོས་བའི་དགོངས་པ་བཞེས་ཡོད།མ་ཟད་བཀའ་འདི་སུས་ལག་ལེན་དུ་མ་བསྟར་ན།དེ༧གོང་ས་མཆོག་དང་བོད་ཀྱི་རྩ་ཁྲིམས་གཉིས་ལ་འགལ་བསྡད་ཡོད།ད་ལྟ་བཀའ་འདི་གནང་ནས་ལོ་བཅུ་ལྷག་ལས་སོང་མེད་པས་དེང་སང་བོད་མི་ཚང་མ་བཀའ་ཤག་གི་ཁོངས་སུ་འདུས་ནས་བཀའ་ཤག་གི་ཐག་གཅོད་ལྟར་འགྲོ་བཞིན་ཡོད་དམ་ཞེ་ན།འདི་ལོ་བཅུའི་སྔ་གཞུག་ལ་བསྐྱར་ཞིབ་གནང་བའི་དྲི་བ་ཞིག་ཡིན་ཕྱིར།སྲིད་སྐྱོང་བློ་སེང་བཀའ་ཁྲིར་ཕེབས་པའི་ལོ་དེར། སུའི་ཇུས་འགོད་ཡིན་མིན་མི་ཤེས་བར་བློ་སེང་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཞེས་བའི་ཚོགས་པ་ཞིག་རྩིས་སྤྲད་ཡོད།མ་ཟད་ད་ལོ་བློ་སེང་གི་སྲིད་སྐྱོང་འཕར་མའི་སྐབས་ནས། དོན་གཅོད་ཁག་ཀྱང་སྐུ་སྒེར་ནས་བསྐོ་བ་དང་།གོ་ཐོས་སུ་བཀའ་ཤག་གིས་ཤུགས་ཆེན་པོས་སྐུ་སྒེར་ཡིག་ཚང་ལས་ཆོག་མཆན་ཞུ་དགོས་བའི་བཟོ་སྟོན་པ་དང་། སྤྱི་འཐུས་མང་པོ་ཞིག་སྐུ་སྒེར་ཡིག་ཚང་གི་གསོས་ཕྲུག་ཡིན་པས། འདིས་བཀའ་ཤག་གི་དགོངས་དོན་ལ་དངོས་སུ་ཁ་གཏད་གཅོག་རྩིས་ཡོད།འདིའི་ཕྱོགས་ནས༧གོང་ས་མཆོག་གི་དེང་གི་དགོངས་པ་ཇི་ལྟར་ཡིན་ནམ་ཞེ་ན།ད་ལོའི་སྲིད་སྐྱོང་དམ་འབུལ་གྱི་མཛད་སྒོར་ཁོང་གིས་བཀྲ་ཤིས་ལེགས་གསོལ་སོགས་ཅི་ཡང་མེད་པར། རང་གི་བཞེངས་ཕྱོགས་ཁ་ཚང་ཕྱིན་བཏོན་ནས།རྒན་ཡོལ་ཆ་ཚང་ཞུས་པའི་གཞུག་གི་ཁོང་ནི་སྲིད་སྐྱོང་འོག་གི་བོད་མི་ཞིག་མིན་པར་སྲིད་སྐྱོང་སྒང་གི་དབང་ཆེན་ཞིག་ཡིན་སྣང་སྔར་བཞིན་སྐྱེས་ཡོད་པ་དང་། དགོངས་ཚུལ་འདིས་བོད་མི་ཚང་མ་བཀའ་ཤག་གི་ཁོངས་སུ་འདུ་དགོས་བའི་སྔར་གྱི་བཀའ་དགོངས་དེར་འགྱུར་བ་ཆེན་པོ་ཞིག་ཕྱིན་ཚར་ཡོད་པ་དང་།ཁོང་འགྱུར་བ་ཐེབས་པ་འདིས་མི་མང་གི་མཐོང་ཚུལ་ལ་སྐུ་སྒེར་གྱི་དབང་ཆ་དེ་དེ་ལས་ཆེ་རུ་གཏོང་ཐུབ་སོང་བའི་རྣམ་པ་བསྟན་སོང་།ཡིན་ཡང་ང་ཚོར་དེ་ལས་ཀྱང་འདང་རྒྱག་ས་གཞན་ཞིག་ནི། ད་ལོའི་འཛམ་གླིང་དམངས་གཙོའི་ལུགས་ཀྱི་འོས་བསྡུའི་རྒྱལ་ཁ་འདི་ནི་བོད་པ་བརྒྱ་ཆ་དྲུག་ཅུ་ཡན་གྱི་བསམ་བློ་ཡིན་ཕྱིར་སུ་ཞིག་གིས་ཀྱང་རྩིས་མེད་དུ་གཏོང་ཐུབ་པ་ག་ལ་སྲིད་དེ་མི་ཐུབ།ཡིན་ཡང་སྐུ་སྒེར་གྱི་ཤུགས་རྐྱེན་འོག་ང་ཚོའི་མདུན་དུ་དམངས་གཙོའི་འོས་བསྡུའི་རྒྱལ་ཁར་བརྩི་བཀུར་བྱེད་མིན་འདི་སྔར་བཞིན་ལྷག་བསྡད་ཡོད་པས།སྐུ་སྒེར་ཡིག་ཚང་ལ་དབང་ཚད་ཁྱད་པར་ཅན་ཞིག་ཅིའི་ཕྱིར་དགོས་བ་དང་།ཇི་ལྟར་དགོས་བ་ནི་མདོར་ན༧གོང་ས་མཆོག་གིས་སྲིད་དབང་རྩིས་སྤྲད་ཀྱང་།སྐུ་སྒེར་ལ་སྔར་བཞིན་ཚང་མའི་མགོ་གནོན་བྱེད་ཀྱི་དབང་ཆ་ཞིག་དགོས་བའི་དོན་ཡིན་པས།མདོ་དོན་བཀའ་ཤག་དབང་ཆ་ཅི་ཡང་མེད་པའི་ཁང་པ་ཞིག་དང་། དཔོན་མིང་ཞིག་ཏུ་བསྒྱུར་རྩིས་ཡིན་པས།དེང་སྐབས་བཀའ་ཤག་དང་སྐུ་སྒེར་གྱིས་ལས་བྱེད་འཕྲོག་རེས་དང་ལས་སྒོ་འཕྲོག་རེས་བྱེད་པའི་དམག་འཁྲུག་ཞིག་རྒྱག་བཞིན་ཡོད།འདི་ཟམ་གདོང་གིས་བོད་དོན་ལ་ལག་པ་འཆང་ས་མེད་པ་བཟོ་བཞིན་ཡོད། ཅེས་འཇུ་ཆེན་གྱིས་སྔོན་ནས་གསུངས་ཡོད་པའི་སྟེང་།༧གོང་ས་མཆོག་ཀྱང་ཟམ་གདོང་གི་དམག་མི་རྒན་པ་ཞིག་ཆགས་ཚར་ཡོད་པས།དེང་སྐབས་སྐུ་སྒེར་ཡིག་ཚང་ནང་ཕལ་ཆེར་རྒྱ་དམག་གི་དམག་དོན་ལྟེ་བ་ཞིག་ཚུགས་ཡོད་པ་དང་འདྲ་བས།ཟམ་གདོང་དམ་ལས་ཤོར་རྗེས་ཀྱི་ལས་ཀ་མང་པོ་ཞིག་ལ་བོད་པ་རང་གིས་ཀྱང་འགྲེལ་བཤད་རྒྱག་ཤེས་ཀྱི་མི་འདུག