ཚ་བ་མདའ་སྨྱུག་གིས་བརྩམས།
སྡོམ་པ་ནི་སྡོམ་པ་རང་སྟེ་སྡོམ་བྱེད་དང་འཆིང་ཐག་ཡིན།
སྡོམ་པ་ལ་དབེ་ན་ལུས་སྡོམ་དང་། ངག་སྡོམ། ཡིད་སྡོམ་བཅས་གསུམ་ཡོད། ལུས་སྡོམ་གྱིས་ཁྱོད་ཀྱི་འགུལ་སྐྱོད་ཀྱི་རང་དབང་བསྡམས་ཡོད།
ངག་སྡོམ་གྱིས་ཁྱོད་ཀྱི་བསམ་བློའི་རང་དབང་བསྡམས་ཡོད།
གང་ལ་སྡོམ་པ་ཡོད་ན་དེ་ལ་རང་དབང་མེད། གང་ལ་རང་དབང་ཡོད་ན་དེ་ལ་སྡོམ་པ་མེད། སྡོམ་པ་ནི་རང་དབང་གི་དགྲ་བོ་ཡིན། སྡོམ་པ་ནི་རང་དབང་གི་དགྲ་བོ་ཡིན། རྒྱུད་ལ་སྡོམ་པ་ལེན་པ་ནི། སྐེ་ལ་ལྕེབ་ཐག་གོན་པ་ཡིན།
སྡོམ་པ་ལ་གུས་པ་ནི་བཅིངས་པ་ལ་གུས་པ་ཡིན།
སྡོམ་པ་ལ་སྐྲག་ནས་མགོ་བོ་སྒུར་མཁན་མང་།
སྡོམ་པ་ལ་དགའ་དང་དུ་ལེན་མཁན་ཉུང་། སྡོམ་པ་འདི་ཁྲེལ་མེད་ཅིག་ཡིན། འདིས་ཅི་ཙམ་འཁུམས་ན་དེ་ཙམ་བསྡམ་ཡོང་། སྡོ་འདི་ནུས་མེད་ཅིག་ཡིན། འདིར་ཐུག་ཙམ་བྱས་ན་ཚུབས་སེར་ལོག་འགྲོ ། སྡོམ་པ་ནི་བཤད་ཡམས་ཤིག་ཡིན། སྡོམ་པ་ལ་དོན་དངོས་ཀྱི་གཞི་རྩ་མེད། སྡོམ་པ་ནི་ལུང་ཚིག་ཅིག་ཡིན། སྡོམ་པ་ལ་རིགས་པའི་སྒྲུབ་བྱེད་མེད། སྡོམ་པ་ནི་རྟོག་བཟོ་ཞིག་ཡིན། སྡོམ་པ་ལ་བེད་སྤྱོད་ཀྱི་རིན་ཐང་མེད། སྡོམ་པ་ནི་རིགས་རྒྱུད་ཀྱི་སྟ་རེ་ཡིན། སྡོམ་པ་ནི་ཡར་ཐོན་གྱི་བཀག་རྡོ་ཡིན། སྡོམ་པ་ནི་ཚེ་སྲོག་གི་རྒྱབ་འགལ་ཡིན། སྡོན་པ་ནི་འཚོ་གནས་ཀྱི་ཁ་གཏད་ཡིན། སྡོམ་པ་བོད་ལ་དར་ནས་བཟུང་། བོད་པའི་མགོ་བོ་འགྱོག་མ་མྱོང་། སྡོམ་པ་ནི་བདེ་ཐང་གི་ཉེན་ཁ་ཡིན། སྡོམ་པ་ཡོད་པའི་མི་རྣམས་ལ་སྙིང་ནད་ཡོད།
སྡོམ་པ་ནི་སྒྱིད་ལུག་གི་རྩ་བ་ཡིན། སྡོམ་པ་བླངས་པའི་མི་རྣམས་ལ་ལས་མེད། སྡོམ་པ་ནི་རྙོག་ཟིང་གི་གཏེ་བོ་ཡིན། ཆོས་ལུགས་ཀྱི་གདོང་ཐུག་ཡོད་ཚད་སྡོམ་པའི་གོདང་གདོང་ཐུག་ཡིན།
སྡོམ་པ་ལ་དྲང་བདེན་གྱི་བློ་མིག་མེད། སྡོམ་པས་གཉོམ་ཆུང་ཚོར་ཐུབ་ཚོད་བཏང་ཡོད།
སྡོམ་པས་བཙན་པོ་ཚོར་གུ་ཡངས་བཏང་ཡོད། སྡོམ་པས་བླུན་པོ་ཚོ་ཁྲི་ལ་བཞག་ཡོད། སྡོམ་པས་མཁས་པ་ཚོ་བཙོན་དུ་བཅུག་ཡོད། སྡོམ་པ་ནི་འཁྱོག་གཟུགས་ཀྱི་རྩོ་དོན་ཞིག་ཡིན།
སྡོམ་པས་མི་རིགས་ལ་བཟང་ངན་བཀར་ཡོད། སྡོམ་པས་རུས་རྒྱུད་ལ་གཙང་བཙོག་བརྩིས་ཡོད།
སྡོམ་པས་ཕོ་མོ་ལ་མཆོག་དམན་ཕྱེས་ཡོད། སྡོམ་པ་འདི་ལོ་རྒྱུས་ཀྱི་ཉེས་ཅན་ཞིག་ཡིན།
སྡོམ་པས་བེ་རོ་ཙ་ན་ས་མཐའ་རུ་བསྐྲད་ཡོད།
སྡོམ་པས་ཚངས་དབྱངས་རྒྱ་མཚོ་རྒྱ་ལག་ལ་བཞག་ཡོད།
སྡོམ་པ་དགེ་འདུན་ཆོས་འཕེལ་ཁྱི་གྲལ་དུ་དེད་ཡདོ།
སྡོམ་པས་སྲིད་སྐྱོང་ར་སྒྲེང་གསེར་ཁྲི་ལས་ཕབ་ཡོད།
སྡོམ་པས་སྐྱེས་པ་ཚོའི་རླིག་འབྲས་གྲི་གཅོད་མྱོང་།
སྡོམ་པས་བུད་མེད་ཚོའི་མངའ་སྒོ་ཁབ་ཀྱིས་འཚེམ་མྱོང་།
སྡོམ་པས་མི་རེའི་མགོ་ལ་སྡུག་རེ་བཞག་ཡོད།
སྡོམ་པས་སྐྱེས་པ་ཚོར་གཅིན་འདུག་ནས་གཏོང་དགོས་པ་ཞིག་བཟོས་ཡོད།
སྡོམ་པས་བུད་མེད་ཚོར་བུ་དོང་དུ་གཡུག་དགོས་པ་ཞིག་བཟོས་ཡོད།
སྡོམ་པས་གྲྭ་པ་ཚོར་ཆུ་ལག་པས་བཤིག་དགོས་པ་ཞིག་བཟོས་ཡོད།
སྡོམ་པས་ཇོ་མོ་ཚོར་རྐུབ་མཛུབ་མོས་དཀུག་དགོས་པ་ཞིག་བཟོས་ཡོད།
གང་ཞིག་རང་དབང་ལ་དགའ་བ་དང་། སུ་ཞིག་མི་ཚེ་ལ་ཞེན་པ་དེས། སྡོམ་པ་འདི་གད་སྙིགས་བཞྀན་དུ་མེ་ལ་བསྲེག་དགོས།
སྡོམ་པ་འདི་སྐྱག་འདམ་བཞིན་དུ་ཆུ་ལ་འཕོ་དགོས།
སྡོམ་པ་འདི་རོ་རུལ་བཞིན་དུ་ས་ལ་སྦ་དགོས།
སྡོམ་པ་འདི་ཡོད་པ་དེ་སྲིད་དུ། ང་ཚོ་ལ་རང་དབང་མེད། ཐོབ་ཐང་མེད། བདེ་སྐྱིད་མེད། སྟོབས་ཤུགས་མེད། འཕེལ་རྒྱས་མེད། མདུན་ལམ་མེད། རེ་བ་མེད།

མེ་ཕག་ཟླ་༥
ཚེས་༤ཉིན་ཚ་བ་མདའ་སྨྱུག་ནས་བྲིས།།